འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཕེན་གྱི་ཤེས་ཡོན་ཅན་གྱིས་ཨ་རིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་དྲག་པོ་བྱས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀུའོ་ཆིའུ་ཏ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་རིང་། སི་ཕེན་གྱི་སྨྱན་སྦྱོར་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་མི་སྣས་ཐེ་རོན་ཕུ་སྲིད་གཞུང་གི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འཁོར་རྒྱུག་ལ་འཇིགས་སྣང་སྐུལ་བ་དང་འཛམ་གླིང་དཔལ་འབྱོར་ལ་གནོད་འཚེ་བཏང་འདུག་ཅེས་སྐྱོན་བརྗོད་བྱས་པ་རེད།
         སི་ཕེན་གྱི་《རྒྱལ་ཁབ་ཚགས་པར་》གྱི་པུ་རུ་སེར་དུ་བཅའ་སྡོད་གསར་འགོད་པའི་ས་ཚིགས་ཀྱི་འགན་འཁུར་བ་ཁེ་ལའོ་ཏི·ཕེ་ལུའེ་སིས་ཐེ་རོན་ཕུ་སྲིད་གཞུང་གི་བྱ་སྤྱོད་དང་དུས་རབས་གོང་མའི་ལོ་རབས་སུམ་ཅུའི་ཉམས་རྒུད་དུས་སྐབས་ཀྱི་ཨ་རིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་རིགས་འདེད་བྱས་ཏེ“འཛམ་གླིང་ཚོང་དོན་མཉམ་ལས་ཀྱི་གས་རྡིབ་ལས་ཉམས་རྒུད་དུ་འགྱུར་ཚབས་ཆེ་རུ་སོང་ཡོད”ཅེས་བཤད། ཁོང་གིས་ཐེ་རོན་ཕུ་སྲིད་གཞུང་གི་བྱ་སྤྱོད་དེ་གནད་དོན་གང་ཡང་ཐག་གཅོད་ཐུབ་རྒྱུར་ཕན་པ་མེད་པའི་ངོས་འཛིན་བྱས།
         “ཐེ་རོན་ཕུས་དེ་སྔ་ཚོང་དོན་གྲོས་ཆོད་ནི་གླེན་པའི་བྱེད་སྟངས་ཤིག་ཡིན་པ་བརྗོད་ཡོད”ཕེ་ལུའེ་སིས་རྩོམ་ཡིག་ནང“འོན་ཀྱང་ཚོང་དོན་འཁྲུག་རྩོད་ནི་དེ་བས་གླེན་རྟགས་ཀྱི་བྱ་སྤྱོད་ཅིག་རེད”ཅེས་བརྗོད་ཡོད།
         སི་ཕེན་གྱི་དཔྱད་གཏམ་མི་སྣས་ཡོ་རོབ་མནའ་འབྲེལ་དང་དཔལ་འབྱོར་སྒྲིག་གཞི་གཞན་གྱིས་ཨ་རིའི་སྲུང་སྐྱོང་རིང་ལུགས་ཀྱི་བྱ་སྤྱོད་ལ་ངེས་པར་དུ་རྒོལ་ལན་སློག་སྲིད་པའི་ཡིད་ཆེས་ཡོད། སི་ཕེན་རྒྱལ་ཁབ་གསར་འགྱུར་ཁང་ཨའེ་ཧྥེ་ཚགས་པར་ལས་ཁུངས་ཀྱི་ནོར་དཔལ་གསར་འགོད་པ་མ་ལི་ཡ·ཐེ་ཧེ་ལུའོ·མ་ཏིང་གིས་རྩོམ་ཡིག་ནང“ད་རེས་གལ་ཏེ་ཡོ་རོབ་མནའ་འབྲེལ་ཨ་རིར་དཔའ་ཞུམ་ཚེ། ཐེ་རོན་ཕུས་ཨ་རིའི་རྒྱལ་ནང་གི་མི་སེར་དཀྱུས་མའི་རིང་ལུགས་ལ་རང་སྣང་གང་ཤར་གྱིས་མེ་ཚ་བའི་སྒང་ལ་ཤིང་གཤགས་པའི་དཔེ་ལྟར་བྱེད་སྲིད་པས་དེ་སྒོ་ཁྲལ་སྤོར་བ་ལས་ཉེན་ཁ་ཆེ་བ་ཡོད་པ”བརྗོད་ཡོད།
         སི་ཕེན་གྱི་《རྒྱལ་ཁབ་ཚགས་པར་》ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མ་ཏིང་ནེ་སི·ཨ་ལུན་སིའི་རྩོམ་ཡིག་ནང་། ཕོ་བྲང་དཀར་པོའི་ནང་ཁུལ་དུ་མིག་སྔར་ཡང་བསམ་ཚུལ་མི་འདྲ་བ་མང་པོ་ཡོད། ཐེ་རོན་ཕུའི་སྲིད་གཞུང་གིས་ཁྱབ་གདལ་བཏང་བའི་དཔལ་འབྱོར་མི་རིགས་རིང་ལུགས་དང་དེ་ལས་ཐོན་སྲིད་པའི་ཚོང་དོན་འཁྲུག་རྩོད་ལ་ཧྭའར་ཁྲོམ་གཞུང་དང་རྒྱལ་ཚོགས་ཀྱི་ཏང་ཤོག་གཉིས་དང་ནང་བློན་ཁང་གི་ཁོངས་མིས་མཉམ་འབྲེལ་ཐོག་འགོག་རྒོལ་བྱེད་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།
         སི་ཕེན་གྱི་IEཚོང་དོན་སློབ་གླིང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་ཁབ་མི་འདྲ་བ་དབྱེ་ཞིབ་ཀྱི་དགེ་རྒན་ཆེ་མོ་བ་ཀེའར·ཨ་ལི་ཡ་ཏེས། ཨ་རིའི་ཚོང་དོན་གཏོང་ཉུང་འདྲེན་མང་གི་ཧེ་བག་གི་འབྱུང་རྩ་ནི་ཨ་རིའི་རྒྱལ་ནང་གི་འཛད་སྤྱོད་ཆེ་བའི་གོམས་སྲོལ་ཡིན། ཐེ་རོན་ཕུས་དེ་གོང་བཏོན་པའི་ཁྲལ་གཅོག་སྲིད་ཇུས་རྐྱེན་གྱིས་ཨ་རི་བའི་འཛད་སྤྱོད་ཀྱི་རེ་འདོད་སྔར་བས་འཕེལ་བ་དང་། ཨ་རིའི་ཚོང་དོན་གཏོང་ཉུང་འདྲེན་མང་གི་ཧེ་བག་ཀྱང་མུ་མཐུད་ཆེ་རུ་འགྲོ་སྲིད་ཅིང་། ནང་འདྲེན་ལ་ཚད་བཀག་བཟོ་བའི་བྱེད་ཐབས་གང་ཡིན་ཡང་ཕན་ཐོགས་མེད་ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།