འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་དར་ཞིག་པའི་རྒྱ་ཁྱོན་99%ཟིན་པ།

    དར་ཞིག་འགོ་ཚུགས་པའི་དུས་ཚོད་དེ་སྔ་ལས་ཉིན་14འགྱངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་10ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་སྐམ་སའི་མཚོ་ཆེ་ཤོས་མཚོ་སྔོན་པོར་ཟླ་4ཚེས་1ཉིན་ནས་དར་ཞིག་འགོ་ཚུགས་ནས་མིག་སྔར་དར་ཞིག་པའི་རྒྱ་ཁྱོན་གྱིས་མཚོ་ངོས་རྒྱ་ཁྱོན་གྱི་99%བཟུང་ཞིང་། དར་ཞིག་འགོ་ཚུཌ་པའི་དུས་ཚོད་དེ་སྔ་ལས་ཉིན་14འགྱངས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་པོར་རྣམ་ཀུན་ལོ་རེའི་ཟླ་4པའི་ཟླ་དཀྱིལ་དུ་དར་ཡོངས་སུ་ཞིག་པ་དང་། མཚོ་ངོས་ཀྱི་དར་ཡོངས་སུ་ཞིག་པའི་རང་བྱུང་སྣང་ཚུལ་ལ“དར་ཞིག་པ”ཟེར། མཚོ་སྔོན་པོའི་དར་ཞིག་པའི་དུས་མཚམས་གཉིས་སུ་དབྱེ་སྟེ། མཚོ་ངོས་ཀྱི་དར་ཞིག་རྒྱ་ཁྱོན་10%ཡན་ཟིན་སྐབས་མཚོ་སྔོན་པོ་དར་ཞིག་འགོ་ཚུགས་པའི་དུས་ལ་སླེབས་པ་དང་། མཚོ་ངོས་ཀྱི་དར་ཡོངས་སུ་ཞིག་སྐབས་དར་ཞིག་དུས་ལ་སླེབས་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ཞིབ་འཇུག་སུའོ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་པའོ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་4ཚེས་1ཉིན། མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་དང་། རྒྱབ་ཐོག་མཚོ། ཤར་ལྷོའི་རྒྱུད་བཅས་སུ་མཚོ་ངོས་འཁྱགས་པ་གཞི་ཁྱོན་ཆེན་པོས་བཞུར་ནས་དར་ཞིག་རྒྱ་ཁྱོན་གྱིས་མཚོ་ངོས་རྒྱ་ཁྱོན་གྱི་16.7%ཟིན་པས་མཚོ་སྔོན་པོར་དར་ཞིག་འགོ་ཚུགས་པ་མཚོན་པ་དང་། ཟླ་4ཚེས་9ཉིན་མཚོ་སྔོན་གྱི་མཚོ་ངོས་འཁྱགས་པ་མང་ཆེ་བ་བཞུར་ནས་མཚོ་ངོས་རྒྱ་ཁྱོན་གྱི་99%བཟུང་ཞིང་། བྱེ་མ་ལ་བདུན་མཚོའི་ནུབ་བྱང་ཟུར་ཁོ་ནར་ད་དུང་རྦད་དེ་བཞུར་མེད་པ་རེད།
         མཚོ་སྔོན་པོའི་དར་ཞིག་བརྒྱུད་རིམ་ལ“དྲག་བཞུར”དང“འཇམ་བཞུར”གཉིས་སུ་དབྱེ་ཡོད། “དྲག་བཞུར”ནི་མཚོ་སྔོན་པོའི་དར་ཁ་རླུང་ཤུགས་ཀྱི་རྐྱེན་པས་ཕན་ཚུན་བཙིར་ནས་མཚོ་འགྲམ་དུ་འདེད་དེ་སྤུངས་པ་ལྟར་དུ་སྣང་བ་ཞིག་ལ་ཟེར་བ་དང་། “འཇམ་བཞུར”ནི་མཚོ་སྔོན་པོའི་དྲོད་ཚད་མཐོ་རུ་སོང་བ་དང་སྦྲགས་དར་ཁ་སྲབ་ཏུ་སོང་ནས་བཞུར་བར་བརྗོད། “འདི་ལོ་མཚོ་སྔོན་པོའི་དར་ཞིག་པའི་བརྒྱུད་རིམ་ནང་གས་སྲུབས་ཆེན་པོ་ཐོན་མེད་ལ་ཡམ་ཡོམ་ཆེན་པོའང་ཐོན་མེད་པས་བརྒྱུད་རིམ་ཧྲིལ་པོ་འཇམ་བཞུར་ཡིན”ཅེས་ལིའུ་པའོ་ཁང་གིས་བཤད།
         འདི་ལོ་མཚོ་སྔོན་པོའི་དར་ཞིག་འགོ་ཚུགས་པའི་དུས་ཚོད་དེ་སྔ་ལས་ཆ་སྙོམས་ཉིན་14འགྱངས་པ་མ་ཟད། དར་ཞིག་པའི་མྱུར་ཚད་ཀྱང་ཅུང་མགྱོགས་པ་ཡོད། ལིའུ་པའོ་ཁང་གིས་གནམ་གཤིས་ཆ་རྐྱེན་ལ་གཞིགས་ནས་དབྱེ་ཞིབ་བྱས་ཏེ་དར་ཞིག་འགོ་ཚུགས་པའི་དུས་ཚོད་འགྱངས་པ་ནི་གཙོ་བོ་ཟླ་2པར་མཚོ་སྔོན་པོའི་ཆུ་ཁོངས་སུ་དྲོད་ཚད་དེ་སྔ་ལས་ཅུང་དམའ་བས་ཡིན་པ་དང་། དར་ཞིག་པའི་མྱུར་ཚད་མགྱོགས་པ་ཡོད་དོན་ནི་ཟླ་3པ་དང་4པར་དྲོད་ཚད་འཕར་བས་མཚོ་སྔོན་པོ་རྦད་དེ་དར་ཞིག་པའི་དུས་སུ་སླེབས་པས་རེད་ཅེས་བཤད།
        མཚོ་སྔོན་པོ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་ཤིང་། ཆུ་ཁོངས་རྒྱ་ཁྱོན་སྨི་ངོས་གྲུ་སྟོང་4400ལས་བརྒལ་ཡོད། དེ་ནི་མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྐྱོང་མཁན་དང་ནུབ་རྒྱུད་ཀྱི་མྱ་ངམ་ཐང་ཤར་རྒྱུད་དུ་མཆེད་རྒྱུ་བཀག་འགོག་བྱེད་མཁན་གྱི་ཆུ་ཁུངས་གལ་ཆེན་ཞིག་རེད་ལ་ས་ཁོངས་ནང་ཁུལ་དུ་གནམ་གཤིས་སྙོམས་སྒྲིག་བྱེད་མཁན་གལ་ཆེ་ཤོས་ཤིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།