འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ་ཧྲོང་ལིའུ་ཡིས་དཀར་མཛེས་འབའ་ཐང་ལ་གནད་སྨིན་དབུལ་སྐྱོར་བྱས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡེ་ཧན་ཡུང་དང་། ཏུང་ཞའོ་ཧུང་། ཞུས་རུའུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2012ལོ་ནས་བཟུང་། ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཀྱིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་རིང་དཀའ་ངལ་ཆེ་ཤོས་དང་དཀའ་ཚེགས་ཆེ་ཤོས་ནས་འགོ་བཙུགས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་ཆེ་མོའི་རྣམ་པ་འཚོལ་ཞིབ་བྱས་ནས་བསྐྲུན་པས། རྫོང་དེའི་དབུལ་པོ་ཐོན་ཚད་21.77%ནས་མིག་སྔའི་7.69%བར་ཆག་པ་དང་སེམས་ནུས་ཡོད་རྒུས་འབའ་ཐང་ལ་གནད་སྨིན་དབུལ་སྐྱོར་བྱས་པ་རེད།
         ས་མཐོའི་རྫོང་དབུལ་པོར་རོལ་རྩེད་དོ་ར་བསྐྲུན་པ།
         འབའ་ཐང་ནི་དཀར་མཛེས་ཀྲོའུ་ཡི་ནུབ་རྒྱུད་དུ་གནས་པ་དང་བོད་ལྗོངས་སྨར་ཁམས་རྫོང་དང་འབྲི་ཆུ་གཅིག་གིས་བར་ཆོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཟིན་གྱི་ཡོད་པས་དབུལ་པོའི་ཁྱབ་རྒྱ་ཆེ་ལ་ཚད་གཞི་མཐོ་པོ་ཡོད། 2012ལོར་སི་ཁྲོན་ཞིང་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་ཁྲེང་ཏུའུ་ཧྲོང་ལིའུ་ཆུས་ཀྱིས་རྫོང་དེར་ཁ་གཏད་རོགས་སྐྱོར་བྱེད་འགོ་བཙུགས་ནས་ཁྲོམ་རར་ཕྱོགས་ཏེ་ཐོན་ལས་དབུལ་སྐྱོར་གྱི་བསམ་ཕྱོགས་གསར་པ་བཏོད་ཡོད་པ་རེད།
         དཔྱིད་ཀའི་ཉི་མ་དྲོ་ཞིང་འཇམ། འབའ་ཐང་རྫོང་ཀླུ་མོ་གྲུ་ཁའི་བྱིས་པའི་རོལ་རྩེད་དོ་རར་ཁྱིམ་བདག་མི་ཉུང་བ་ཞིག་གིས་ཕྲུ་གུ་ཁྲིད་ནས“ངོ་མཚར”ཉམས་སུ་མྱོང་གི་ཡོད་པ་རེད།
         གསར་འགོད་པར་ཤེས་རྟོགས་བྱུང་བར། རོལ་རྩེད་དོ་ར་དེ་འདི་ལོའི་ཟླ་1ཚེས་13ཉིན་ལས་འགོ་ཚུགས་པ་ནས་བཟུང་ཉིན་ལྟར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཙམ་ཟིན་པ་དང་ལས་གཉེར་ཟླ་གཅིག་ཙམ་བྱས་པར་ཁེ་སྤོགས་སྒོར་ཁྲི་28ལྷག་ཙམ་བྱུང་ཡོད་པ་རེད། གོམ་སྟབས་རྗེས་མར་ཚོགས་མིའི་ལམ་ལུགས་བཙུགས་ནས་འགྲུལ་པ་དེ་བས་མང་བའི་ཡིད་དབང་འགུག་རྒྱུ་ཡིན་པ་དང་ལོ་ལྟར་བྱུང་བའི་ཁེ་སྤོགས་དེ་རོལ་རྩེད་དོ་ར་གནས་ཡུལ་རྒྱ་སྤང་སྟེང་གྲོང་ཚོའི་གྲོང་མིར་བགོ་བཤའ་རྒྱག་རྒྱུ་ཡིན་པ་རེད།
        འོན་ཀྱང་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་པའི་ཐོག་མའི་དུས་སུ་མི་མང་པོར་སེམས་ཁྲལ་བྱུང་བ་དང་འབའ་ཐང་རྫོང་གི་མི་འབོར་བསྡོམས་ཁྲི་5ཡང་ཟིན་གྱི་མེད་པ་མ་ཟད་དཀར་མཛེས་ཀྲོའུ་ཡོངས་ལ་རོལ་རྩེད་གླིང་གཅིག་ཀྱང་མེད་པས་དངོས་འབྲེལ་དེར་ཡོང་མཁན་ཡོད་དམ།
        “འབའ་ཐང་ནི་ཁྲོན་བོད་ཀྱི་འབྲེལ་མཚམས་སུ་གནས་པ་དང་ཕྱོགས་མི་མང་ལ་གྲོང་ཁྱེར་ཆེན་པོ་དང་བར་ཐག་རིང་པོ་ཡོད་པས་རོལ་རྩེད་གླིང་བསྐྲུན་རྗེས་ཕྲུ་གུ་ཚོར་སྤྲོ་སྣང་སྦྱིན་སྲིད་པ་མ་ཟད། དུས་ཡུན་རིང་པོར་ཕྲུ་གུ་གུང་གསེང་འཇོག་སྐབས་ལྟ་རྟོག་བྱེད་མཁན་མེད་པའི་དཀའ་གནད་ཀྱང་ཐག་གཅོད་ཐུབ”ཅེས་ཧྲོང་ལིའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཐན་ཡུང་ཧྲེང་གིས་བཤད།
         ཁྲོམ་རའི་དགོས་མཁོར་ཕྱོགས་ནས་གནད་སྨིན་ཇུས་འདོན་གྱིས་ས་གནས་དེ་གའི་གྲོང་མིར་དབུལ་སྒྲོལ་གྱི་གོ་སྐབས་ཐོབ་ཡོད་པ་རེད། ལོ་49ལ་སླེབས་པའི་རྒྱ་སྤང་སྟེང་གྲོང་ཚོའི་གྲོང་མི་ཆོས་གྲགས་ནི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་ཕ་རྒས་པོར་གྲིབ་སྐྱོན་ཕོག་ནས་ལོ་འཁོར་མོར་ཉལ་ཁྲིར་ལུས་ཡོད་པ་རེད། ད་ལྟ་ཆོས་གྲགས་ལ་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་ལེན་རྒྱུ་ཡོད་པ་མ་ཟད་བུ་རྒན་པའང་རོལ་རྩེད་གླིང་དུ་ལས་ཀ་རག་པས་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད་པ་རེད།
         དྲ་ཐོག་ཚོང་དོན་གྱིས་ཞིང་ཞོར་ཐོན་ལས“ཁྲོམ་རར་སྐྱོད་རྒྱུར”རམ་འདེགས་བྱས་པ།
         བོད་རིགས་ས་ཁུལ་ནི་རི་མཐོ་ལ་གྲོག་རོང་ཟབ་པོ་ཡོད་པས“ཐོན་རྫས་ཡོད་ཀྱང་ཁྲོམ་ར་མེད་པའི”གནད་དོན་ཐག་གཅོད་བྱ་ཆེད། ཧྲོང་ལིའུ་ཆུས་ཀྱིས་དྲ་ཐོག་ཚོང་དོན་གྱི་དབུལ་སྐྱོར་དམ་འཛིན་བྱ་གཞིར་བྱས་ནས་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ཏེ་མི་རིགས་ཤུལ་བཞག་གི་ཞིང་ལས་ཀུང་སི་འཛུགས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་འཛུགས་འགོ་ཚུགས་པ། “ཚོན་མདོག་སྣ་ལྔའི་བོད་མིའི་ཕ་ཡུལ·མཛེས་སྡུག་ལྡན་པའི་འབའ་ཐང”གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་དེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཅིང་ཏུང་དང་ཐའོ་པའོ་སོགས་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་སུ་བདེ་བླག་ངང་འདོན་རྒྱུར་སྐུལ་འདེད་བཏང་བ་རེད།
         ཧྲོང་ལིའུ་ཡི་བོད་སྐྱོར་ལས་བྱེད་པ་འབའ་ཐང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཧྲོང་གིས། 2017ལོའི་ཟླ་7པར་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་བཙུགས་པ་ནས་བཟུང་ཕྱིར་ཚོང་གི་ཐབས་ལམ་རིམ་བཞིན་རྒྱ་ཆེར་ཕྱིན་ནས་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་ལ་ནང་སའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད་པ་རེད། “རྒྱ་མ་བརྒྱ་ཕྲག་ཁ་ཤས་ཡོད་པའི་ས་མཐོའི་ལུག་མིག་མེ་ཏོག་ཉིན་ཁ་ཤས་ནང་ཚང་མ་བཙོངས་ཟིན་གྱི་ཡོད”ཅེས་བཤད།
         མི་རིགས་ཤུལ་བཞག་ཞིང་ལས་ཀུང་སིའི་འགན་འཁུར་བ་ཉིང་ཝུའེ་ཡིས་ན་ནིང“ཚོན་མདོག་སྣ་ལྔའི་བོད་མིའི་ཕ་ཡུལ·མཛེས་སྡུག་ལྡན་པའི་འབའ་ཐང”ཞེས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རབ་དང་རིམ་པའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་200ཙམ་ཟིན་ནས་འབའ་ཐང་གི་དུད་ཚང་དབུལ་པོ་226ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པས་ཆ་སྙོམས་དུད་ཚང་རེར་འབབ་འཕར་སྒོར་400ལྷག་ཙམ་བྱུང་ཡོད་ཅེས་བཤད།
         མི་དམངས་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་དབུལ་སྒྲོལ་བྱེད་པ།
         འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་སྐྱ་ཟམ་ཁྲ་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོའི་རྟེན་གཞིར་སྔོ་ཚལ་སྣ་ཁ་10ལྷག་ཙམ་གྱི་སྐྱེ་ཚུལ་ཡག་པོ་ཡོད་པ་རེད། སྐྱ་ཟམ་ཁྲ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་ཚེ་རིང་གིས་གསར་འགོད་པར། ན་ནིང་ལོ་མཇུག་ཏུ་སྔོ་ཚལ་རྟེན་གཞིས་གྲོང་མིར་ཁེ་སྤོགས་སྒོར་ཁྲི་60ལྷག་ཙམ་བགོས་པར་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་1ལྷག་ཙམ་ཟིན་ཡོད། གྲོང་མི་ས་ཞིང་བརྒྱུད་བཤུག་ནང་ཞུགས་པར་བོགས་དངུལ་ཡོད་ལ་དྲོད་ཁང་ཆེ་མོའི་ནང་ལས་ཀ་བྱས་པར་ཟླ་རེར་གླ་ཆ་ལེན་རྒྱུ་ཡོད་པ་དང་། ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་རྒྱག་རྒྱུ་ཡོད་པས་ཚང་མའི་ཧུར་སེམས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
         འབའ་ཐང་རྫོང་གི་ཐོན་ལས་དབུལ་སྒྲོལ་ལ་རྒྱབ་སྐྱོར་བྱ་ཆེད། ཧྲོང་ལིའུ་ཆུས་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དཔེ་སྟོན་གྱིས་མ་དངུལ་ནང་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྣ་ཚོགས་ཐོག་འབའ་ཐང་གི་ཚོང་འགུགས་སྲིད་ཇུས་དང་ཐོན་ལས་ཁོར་ཡུག་སྔོན་ལ་འོས་སྦྱོར་བྱེད་ཀྱི་ཡོད་པ་རེད།
         ཟླ་3ཚེས་22ཉིན་ཧྲོང་ལིའུ་ཡི་བོད་སྐྱོར་ལས་བྱེད་པས་ནང་འདྲེན་བྱས་པའི་ཧྲན་ཏུང་ཧྲོའུ་ཀོང་ཚན་རྩལ་མཐོ་བའི་དྲོད་ཁང་འདུ་འགོད་ས་མཐོའི་སྣོད་བཅུད་ཞིང་ལས་རྣམ་གྲངས་དང་འབའ་ཐང་རྫོང་དངོས་སུ་གན་རྒྱ་བཞག་ནས་ས་མཐོའི་སྔོ་ཚལ་མཁོ་སྤྲོད་ཀྱི་དཀའ་གནད་ལ་འགྱུར་ལྡོག་གཏོང་ཐུབ་རེ་བྱེད་ཀྱི་ཡོད། ན་ནིང་ནས་བཟུང་ཧྲོང་ལིའུ་ཡིས་འབའ་ཐང་ལ“318ཀླད་ཀོར”རྩེར་སོན་གྱི་གཏེར་ཆུའི་སྤུས་རྟགས་སོགས་ཐོན་ལས་རྣམ་གྲངས་མང་པོ་ཞིག་ནང་འདྲེན་བྱས་ཡོད་པ་རེད།
         ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱ་ཆེད། ཧྲོང་ལིའུ་ཆུས་ཀྱིས་སྲིད་གཞུང་གི“ཁེར་འཁྲབ་ཟློས་གར”མ་འཁྲབ་པར་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཀྱི་རོགས་སྐྱོར་ཆེ་མོའི་རྣམ་པ་ཞིག་འཚོལ་ཞིབ་བྱས་ནས་བཏོད་ཡོད་པ་རེད།
         ཐན་ཡུང་ཧྲེང་གིས་ངོ་སྤྲོད་བྱས་པར། ཧྲོང་ལིའུ་ཡིས་སི་ཁྲོན་ཞིང་ཆེན་དུ“ཁེ་ལས་སྟོང་གིས་དུད་ཚང་སྟོང་ལ་རོགས་སྐྱོར་བྱེད་པའི”བྱ་སྤྱོད་སྔོན་ལ་སྤེལ་འགོ་བཙུགས་ཤིང་མིག་སྔར་ཁེ་ལས་540ཞུགས་རྒྱུར་སྐུལ་སློང་བྱས་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་360གྲབས་གསོག་བྱས་པ་དང་རོགས་སྐྱོར་བྱེད་འདོད་ཡོད་པའི་ཁེ་ལས་220བསྡུ་རུབ་ཀྱིས་འབའ་ཐང་རྫོང་གི་མང་ཚོགས་དབུལ་པོའི་དགོས་མཁོ་དངོས་ལ་གཞིགས་ནས་གནད་སྨིན་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
         མིག་སྔར། ཧྲོང་ལིའུ་ཆུས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་རིམ་རྩིས་བྱས་ན་འབའ་ཐང་ལ་གཅེས་སེམས་མཚོན་པའི་མ་དངུལ་སྒོར་ཁྲི་1700ལྷག་ཙམ་ཟིན་པའི་དངོས་ཟོག་ཞལ་འདེབས་ཕུལ་ནས་མ་འཇོག་རྣམ་གྲངས་3ནང་འདྲེན་བྱེད་རོགས་བྱས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་2ལྷག་ཙམ་ལ་རོགས་སྐྱོར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།