འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲོག་པ་སྒྲོལ་མ་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་ལ་གཞོལ་བ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡ་ཀོང་དང་ཧོང་ཧན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཞོགས་པ་སྒྲོལ་མ་རྒྱལ་མལ་ལས་ལངས་རྗེས་ཇ་ཧུབ་ཁ་ཤས་ཙམ་ལས་རྩམ་པའང་ཟ་ཁོམ་མ་བྱུང་བར་པར་ཆས་འཁྱེར་ནས་ཕའི་སྦག་སྦག་རྙིང་པ་དེ་བཞོན་ནས་རྩྭ་ཐང་དུ་ཐོན།
         “ཉི་མ་ཤར་ནས་དུས་ཡུན་རིང་པོ་སོང་མེད་པའི་ཉི་འོད་དང་བསྟུན་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་དགའ་འོས་པའི་འཁྱུག་བགྲོད་ཀྱི་གཟུགས་བརྙན་པར་རྒྱག་ཐུབ་པ་བྱས་ནས་དྲན་རྟེན་དུ་ཉར་རྩིས་ཡོད”ཅེས་སྒྲོལ་མ་རྒྱལ་གྱིས་བཤད།
         ལོ་29ལ་སླེབས་པའི་སྒྲོལ་མ་རྒྱལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་མདོ་ཕྱུགས་གྲོང་ཚོའི་འབྲོག་པ་ཡིན་ཞིང་། ཁོང་གི་ཕ་ཡུལ་ནི་ཁུ་ཁུ་ཤིས་རིའི་ཁུལ་དུ་གནས་པ་དང་། དྲེད་མོང་དང་རྐྱང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྒྱུན་དུ་མཐོང་རྒྱུ་ཡོད།
        སྒྲོལ་མ་རྒྱལ་ལོ་དགུ་ནས་བཟུང་ཕ་དང་མཉམ་དུ་རྩྭ་ཐང་སྟེང་ཕྱུགས་འཚོ་བ་དང་རྒྱལ་སྲས་གསའ་ཡི་གཏམ་རྒྱུད་ཉན་རྒྱུར་དགའ་པོ་ཡོད། ནར་སོན་རྗེས་ཁོས་རྟག་ཏུ་ཕྱུགས་རིགས་རྩྭ་ཐང་ཐོག་གློད་དེ་རྟ་བཞོན་ནས་ཁེར་རྐྱང་དུ་རི་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོལ་བར་འགྲོ་གི་ཡོད།
         2016ལོར་རང་འགུལ་ངང་ཐོ་བཀོད་པ་དང་སྲིད་གཞུང་གིས་བདམས་གསེས་བྱས་པ་བརྒྱུད་སྒྲོལ་མ་རྒྱལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་དངོས་སུ་གདན་ཞུ་བྱས་པའི་སྣོད་བཅུད་བདག་སྐྱོང་བར་གྱུར་པ་དང་ཟླ་རེར་གླ་ཕོགས་སྒོར་1800ཟིན་གྱི་ཡོད།
         ཟླ་གཉིས་ཀྱི་གླ་ཕོགས་བསགས་ནས་སྒྲོལ་མ་རྒྱལ་གྱིས་སྒོར་3200སྤྲད་དེ་པར་ཆས་གཅིག་ཉོས། གཟའ་འཁོར་རེའི་རི་སྐོར་གྱི་ལས་འགན་སྒྲུབ་ཚར་རྗེས་ཁོང་གིས་དུས་ཚོད་མང་པོ་སྤྱད་དེ་སྲོག་ཆགས་པར་རྒྱག་སྟངས་དང་སྡོད་སྲུང་ཐད་བསམ་གཞིག་མང་པོ་བྱས་ནས་ཉིན་ཕྱེད་ཙམ་སྡོད་ཀྱི་ཡོད།
         ན་ནིང་ཟླ་ལྔ་པའི་ཉིན་ཞིག་སྒྲོལ་མ་རྒྱལ་ལ་པར་ཆས་བརྒྱུད་ནས་མངལ་འཁོར་བའི་གཙོད་མོ་གཅིག་ཁྱུ་ཚོགས་དང་ཁ་བྲལ་ནས་རྩྭ་ཐང་སྟེང་དུ་སྐོར་བ་བརྒྱབ་སྟེ་ངུ་འབོད་བྱས་ཀྱང་གཙོད་ཁྱུ་མཐོང་རྒྱུ་མེད་པའི་གནས་ཚུལ་དེ་མཐོང་།
         སྒྲོལ་མ་རྒྱལ་ལ་གཙོད་མོ་སྤྱང་ཀིའི་ཁ་ལ་ཤོར་བའི་སེམས་ཁྲལ་བྱུང་ནས་གཙོད་དེ་ཁྱུ་ཚོགས་ཀྱི་ཕྱོགས་སུ་འདེད། ལམ་བར་དུ་ཁོང་གིས་གཙོད་འདེད་ཀྱིན་ངལ་གསོ་བརྒྱབ་ཀྱིན་ཆུ་ཚོད་གཉིས་ལྷག་ཙམ་སོང་རྗེས་མཐར“གཙོད་ཁྱུ”གཞི་ནས་མཐོང་། སྒྲོལ་མ་རྒྱལ་གྱིས་གཙོད་མོ་དེ་དགའ་ཚོར་ཆེན་པོས་ཁྱུ་ཚོགས་ཕྱོགས་སུ་རྒྱུག་ཕྱིན་པ་དང་ལམ་ཕྱེད་ཙམ་དུ་སླེབས་སྐབས་ཕྱིར་ལྟ་ཐེངས་མང་བྱས་སོང་ཞེས་བརྗོད།
         སྒྲོལ་མ་རྒྱལ་གྱིས་ས་ཆ་དེ་སྲུང་སྐྱོང་བྱ་ཆེད་ཁོང་གིས་གཟའ་འཁོར་རེར་སྣོད་བཅུད་སྐོར་སྲུང་ཐེངས་གསུམ་ཡན་བྱེད་ཀྱི་ཡོད། གཡང་གཟར་དང་འདམ་རྩྭ་སོགས་ལམ་ཡག་པོ་མེད་པའི་ཁུལ་དུ་སླེབས་སྐབས་སྒྲོལ་མ་རྒྱལ་ཡུན་རིང་གོམ་པ་རྒྱག་དགོས་པ་མ་ཟད་ཉིན་གཅིག་ལ་སྤྱི་ལེ་10ལྷག་་ཙམ་ལས་བསྐྱོད་མི་ཐུབ་པ་དང་མཚན་མོ་ཐང་སྟོང་དུ་གཅིག་པུ་ཉལ་དགོས་ཀྱི་ཡོད་ཅེས་བརྗོད།
         སྒྲོལ་མ་རྒྱལ་ན་ནིང་དབྱར་ཁའི་མཚན་མོ་ཞིག་ལ་མདོ་ཕྱུགས་ཚྭ་མཚེའུ་ཉེ་འགྲམ་དུ་སྟབས་མི་ལེགས་པར་འདམ་རྩྭའི་ནང་ལྷུངས་བ་དང་། གྲང་རླུང་ཁྲོད་ཉེ་འགྲམ་ནས་སྤྱང་ཀིའི་སྐད་སྒྲ་ལྷང་ལྷང་དུ་གྲགས་པས་འཇིགས་སྣང་གིས་ཁེངས་པའི་ཁོང་གིས་ལུས་ཤུགས་ཡོད་ཚད་བཏོན་པས་གཞི་ནས་འདམ་རྩྭ་ནས་དོན་ཐུབ་ཙམ་བྱུང་ཞེས་བརྗོད།
         “ལས་ཀ་མ་གཞི་དཀའ་ངལ་ཆེ་ཡང་འགན་འཁྲི་ལྕི་པོ་དང་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་སྒྲོལ་མ་རྒྱལ་གྱིས་བརྗོད། ཁོང་གིས་ས་རྒྱ་ཆེ་བ་དང་མི་ཉུང་བའི་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁུལ་དུ་འབྲོག་པ་བདག་སྐྱོང་བ་ཁྲི་ལ་ཉེ་བ་དྲ་མིག་ལྟར་ཆགས་ཏེ་ས་མཐོའི་སེམས་ཅན་དག་གི་ཐུན་མོང་གི་ཁྱིམ་གཞིས་སྐྱོང་བ་ནི་གནས་དེ་གའི་སྣོད་བཅུད་སྲུང་སྐྱོང་གི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།