མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཤའོ་དབན་ཁྲང་བཅས་པ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན་གྱི་སྔ་དྲོ་ཧའེ་ནན་པོ་ཨའོ་རུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ནང་ཞུགས་པར་ཕེབས་པའི་ཐའེ་དབན་ངོགས་གཉིས་ཀྱི་ཐུན་མོང་ཁྲོམ་རའི་ཐེབས་རྩ་ཚོགས་པའི་མཚན་འཛིན་ཏུང་ཧྲི་ཀྲང་ཤའོ་དབན་ཁྲང་བཅས་པ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་སྐུ་ཞབས་ཤའོ་དབན་ཁྲང་དང་ཐའེ་དབན་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་རྣམས་པོ་ཨའོ་རུ་ཨེ་ཤེ་ཡ་ས་ཁུལ་གྱི་མཉམ་ལས་འཕེལ་རྒྱས་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་འདི་ལོ་ནི་མེས་རྒྱལ་སྐམ་ས་ཆེ་མོ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཡིན་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།
         ཐའེ་དབན་གྱི་གནད་དོན་ནི་ཀྲུང་ཧྭ་མི་རིགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས་གླིང་ཕྲན་ནང་གི་བཟོ་ཚོང་ལས་རིགས་ཀྱི་གྲོགས་པོ་ཚོས་དར་ཆ་གསལ་སྟོན་གྱི་སྒོ་ནས“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་ཡོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བས་ང་ཚོས་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་སྐམ་ས་ཆེན་པོའི་འཕེལ་རྒྱས་ཀྱི་གོ་སྐབས་མུ་མཐུད་ལོངས་སུ་སྤྱོད་འདོད་ཡོད་ལ། ངོགས་གཉིས་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བ་དང་ཐའེ་དབན་གྱི་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱེད་འདོད་ཀྱང་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མི་རིགས་ཀྱི་བདེན་དོན་མཉམ་དུ་སྐྱོང་བ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།