འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་ཇུས་འདོན་དང་ཕན་འབྲས་ལ་སྣང་ཆེན་གྱིས་བདེ་ཐང་དབུལ་སྐྱོར་དང་སློབ་གསོ་
    དབུལ་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་8ཉིན་ནས་10ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཧྲན་ཤིས་སུ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། བདེ་ཐང་དབུལ་སྐྱོར་དང་སློབ་གསོ་དབུལ་སྐྱོར་གྱི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཤིན་ཏུ་དབུལ་བའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་ཚོགས་སྤྱིར་དམིགས་པ། གནད་སྨིན་ནུས་ལྡན་གྱི་རོགས་སྐྱོར་བྱེད་ཐབས་སྤྱོད་པ། མི་འབོར་དབུལ་པོའི་གཞི་རྩའི་སྨན་བཅོས་དང་སློབ་གསོ་དང་ལེན་གྱི་ཆུ་ཚད་འགན་ལེན་ཏན་ཏིག་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་དེར་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཧྲན་ཤིས་ལུའེ་ལེའང་ནི་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི“འགག་གནད་ཁྲོད་ཀྱི་འགག་གནད”ཅིག་ཡིན་པས་བདེ་ཐང་དབུལ་སྐྱོར་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡོད། སུན་ཁྲུན་ལན་ལུའེ་ལེའང་གྲོང་ཁྱེར་ལིན་རྫོང་དང་ཤིང་རྫོང་གི་སྨན་ཁང་དང་། ཤང་གྲོང་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་། དུད་ཚང་དབུལ་པོ་བཅས་སུ་ཕེབས་ནས་ནད་ཆེན་ཕོག་མཁན་དང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་མང་ཚོགས་དང་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་སྟེ་བདེ་ཐང་དབུལ་སྐྱོར་གྱི་ལས་ཀའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ས་གནས་སྲིད་གཞུང་དང་། སྨན་བཅོས་སྒྲིག་གཞི། གཞི་རིམ་གྱི་ལས་བྱེད་མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་གསན་གནང་བ་རེད། ཁོང་གིས་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི“མཁྲེགས་ས”ཞིག་ཡིན་པས་རིགས་དབྱེའི་ཇུས་འདོན་དང་། གནད་སྨིན་རོགས་སྐྱོར། གང་ཐུབ་ཅི་ཐུབ། ནུས་པས་ལྕོགས་ཚོད་བཅས་ཀྱི་ཐོག་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་འགན་བཅོལ་ཁ་གསབ་བཅས་ཀྱི་ནུས་པ་འཕར་མ་འདོན་སྤེལ་དང་། ནད་ཆེན་གཅིག་སྡུད་ཐོག་རོགས་སྐྱོབ་བྱེད་པའི་ནད་རིགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཐའ་སྐྱོང་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་འབོར་དབུལ་པོའི་སྨན་བཅོས་ཁུར་པོ་ཡང་དུ་གཏོང་དགོས། འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི་འདུ་ཤེས་ལག་བསྟར་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་རྒྱ་ཁྱབ་ངང་སྤེལ་བ། བདེ་ཐང་སློབ་གསོ་དང་བདེ་ཐང་སྐུལ་སྤེལ་ལ་ཤུགས་སྣོན་རྒྱག་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཕན་འབྲས་དངོས་དང་ཞབས་ཞུའི་སྤུས་ཚད་ལ་སྣང་ཆེན་བྱེད་དགོས། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཞི་རིམ་འཕྲོད་བསྟེན་ཤེས་ལྡན་མི་སྣའི་གསོ་སྐྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་དང་རྒྱང་ཁྲིད་སྨན་བཅོས་སོགས་བྱེད་ཐབས་གོང་མཐོར་བཏང་བ་བརྒྱུད་གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ་གཞི་རིམ་དུ་ནད་དཔྱད་དང་ཕྱོགས་གཉིས་ཀར་ནད་དཔྱད་བྱེད་ཆོག་པའི་སྨན་པ་བསྟེན་པའི་སྒྲིག་ལམ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         སུན་ཁྲུན་ལན་གྱིས་ལས་རིགས་ལག་རྩལ་སློབ་གྲྭ་དང་། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་། བུ་བཅོལ་ཁང་བཅས་སུ་བརྟག་ཞིབ་གནང་སྐབས། སློབ་གསོ་དབུལ་སྐྱོར་གྱི་ཕྲག་ཐོག་ཏུ་བུ་རབས་ཚ་རྒྱུད་དབུལ་པོ་ཡིན་པར་འགྱུར་ལྡོག་གཏོང་བའི་འགན་འཁྲི་ལྕི་པོ་ཡོད། འོས་འགན་སློབ་གསོའི་སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་ཞག་སྡོད་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཀུན་ཕན་རང་བཞིན་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཕྲུ་གུ་རྣམས་འདྲ་མཉམ་དང་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་ཐུབ་པ་བྱེད་དགོས་པ། ས་ཁུལ་དབར་གྱི་མཐུན་སྦྱོར་དང་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དབུལ་པོ་དང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པར་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོབ་བྱེད་པ་དང་། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པ། རྣམ་པ་སྣ་ཚོགས་ཐོག་ནས་ལག་རྩལ་རྩལ་ནུས་གསོ་སྦྱོང་བྱེད་པ། མི་འབོར་དབུལ་པོའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། སུན་ཁྲུན་ལན་གྱིས་བདེ་ཐང་དབུལ་སྐྱོར་དང་སློབ་གསོ་དབུལ་སྐྱོར་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ། དམངས་ཕན་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།