འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱིས་ཨ་རིའི་ཐོན་རྫས་ཁག་གཅིག་གི་སྒོ་ཁྲལ་ཆག་ཡང་གཏོང་མཚམས་
    འཇོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་ཨ་རི་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ཁག་གཅིག་ལ་གཅིག་མཚུངས་ཀྱི་སྒོ་ཁྲལ་བསྡུས་ཏེ་ཨ་རི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡའི་ཐོན་རྫས་ལ་འགན་ལེན་རང་བཞིན་གྱི་སྒོ་ཁྲལ་བསྡུས་པའི་བྱེད་ཐབས་ལ་ཁ་གཏད་གཅོག་རྒྱུའི་གཏན་འབེབས་བྱས་པ་རེད།
         ལྷོ་ཁོ་རེ་ཡའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཁོ་རེ་ཡའི་ཐོན་ལས་ཚོང་འགྲུལ་ཐོན་ཁུངས་པུས་ཚེས་6ཉིན་ཧན་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་བརྡ་ཐོ་བཏང་ནས་ཨ་རི་ནས་ནང་འདྲེན་བྱས་པའི་ཐོན་ཟོག་ཁག་གཅིག་གི་སྒོ་ཁྲལ་ཆག་ཡང་སྲིད་ཇུས་མཚམས་འཇོག་བྱས་ནས་ཨ་རི་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡས་ཐོན་སྐྱེད་བྱས་པའི་གོས་འཁྲུ་འཕྲུལ་འཁོར་དང་། འོད་ཤུགས་གློག་རྫས་དང་ལྷུ་ལག་ལ་འགན་ལེན་རང་བཞིན་གྱི་འགག་སྒོའི་དཔྱ་ཁྲལ་བསྡུས་པའི་བྱེད་ཐབས་དེར་ཁ་གཏད་གཅོག་རྒྱུ་ཡིན་ལུགས་བཤད་པ་རེད།
         ལྷོ་ཁོ་རེ་ཡས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཚོང་ཟོག་ཚོང་དོན་ལས་འཛིན་ལྷན་ཚོགས་ཀྱི་གཤམ་འོག་གི་འགན་ལེན་ཨུ་ལྷན་ལ་བསྐྱལ་བའི་དཔྱད་གཞིར་གཞིགས་ན། ཨ་རིས་ལྷོ་ཁོ་རེ་ཡ་ནས་ནང་འདྲེན་བྱས་པའི་གོས་འཁྲུ་འཕྲུལ་འཁོར་དང་འོད་ཤུགས་གློག་རྫས་དང་ལྷུ་ལག་ལ་འགན་ལེན་རང་བཞིན་གྱི་སྒོ་ཁྲལ་བསྡུས་པར་དམིགས་ཏེ། ལྷོ་ཁོ་རེ་ཡས་གཞི་ཁྱོན་འདྲ་མཚུངས་ཀྱི་ཨ་རིའི་ནང་འདྲེན་ཐོན་རྫས་ཀྱི་སྒོ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་མཚམས་འཇོག་རྒྱུའི་གཏན་འཁེལ་བྱས་ཡོད། སྒོ་ཁྲལ་ཆག་ཡང་གི་སྲིད་ཇུས་འདི་སྔོན་དཔག་བྱས་ན་འགོར་ཤོས་ལའང་2021ལོའི་ཟླ་གཉིས་པར་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ཟླ་1ཚེས་22ཉིན། ཨ་རིས་ནང་འདྲེན་བྱས་པའི་གོས་འཁྲུ་འཕྲུལ་འཁོར་དང་འོད་ཤུགས་གློག་རྫས་དང་ལྷུ་ལག་ལ་འགན་ལེན་རང་བཞིན་གྱི་སྒོ་ཁྲལ་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཨ་རིས་ནང་འདྲེན་བྱས་པའི་གོས་འཁྲུ་འཕྲུལ་འཁོར་མང་ཆེ་བ་ལྷོ་ཁོ་རེ་ཡ་ནས་ཡིན་པས། བྱེད་སྟངས་དེར་ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཡི་རངས་གཏན་ནས་བྱེད་ཀྱི་མེད་པ་རེད།
          དེ་གོང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཨ་རིའི་ལུགས་དང་མི་མཐུན་པའི་ཚོང་དོན་སྲུང་སྐྱོང་གི་བྱ་ཐབས་ལ་དམིགས་ཏེ་ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་རྒྱུ་མཚན་ཞུ་འབུལ་བྱེད་པ་སོགས་ཀྱི་ཁ་གཏད་གཅོག་པའི་བྱེད་ཐབས་སྤྱད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།