འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་དུ་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་
    སྔོན་དཔག་བྱས་ན་འགྲོ་སྐྱོད་དུས་ཚོད་ཕྱེད་ཀ་ཙམ་གྱིས་ཐུང་དུ་འགྲོ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 17:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ལམ་ཨང་214པ་ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ལས་གཞི་ཉིན་ཤས་གོང་བཟོ་སྐྲུན་བྱེད་འགོ་ཚུགས་ཡོད། དེས་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་དང“བོད་ལྗོངས་ཀྱི་ཤར་སྒོ་ཆེ་མོ”སྟེ་ཆབ་མདོ་གྲོང་ཁྱེར་དང་སྦྲེལ་བའི་རིམ་མཐོའི་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་པ་མ་ཟད། དེ་ད་དུང་བོད་ལྗོངས་ཀྱིས་བསྐྲུན་པའི་རིམ་མཐོའི་གཞུང་ལམ་ལས་གཞི་ཨང་8པ་ཡིན་པ་རེད།
         སྤང་མདའ་གནམ་ཐང་གི་ས་བབ་མཐོ་ཚད་སྨི་4334ཟིན་པ་དང་དེ་ནི་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་ཐང་ཡིན། མིག་སྔར། གནམ་ཐང་ནས་ཆབ་མདོ་གྲོང་ཁུལ་བར་ལམ་ཐག་སྤྱི་ལེ་120ཡན་ཟིན་པ་དང་ལམ་བར་དུ་ལ་རྒྱག་དགོས་ལ་རི་ལམ་ཀྱག་ཀྱོག་ཀྱང་མང་བས་དུས་ཚོད་ཆུ་ཚོད་གཉིས་ཡན་འགོར་གྱི་ཡོད། རིམ་མཐོའི་གཞུང་ལམ་བསྐྲུན་རྗེས་སྔོན་དཔག་བྱས་ན་ལམ་བར་དུས་ཚོད་ཕྱེད་ཀ་ཙམ་གྱིས་ཐུང་དུ་འགྲོ་རྒྱུ་དང་རླངས་འཁོར་གཏོང་བའི་ཉེན་ཁ་ཡང་ཉུང་དུ་འགྲོ་ངེས་རེད།
         ལས་གཞིའི་སྤྱི་ཁྱབ་ལག་རྩལ་པ་དབྱང་ཡུང་ཕུང་གིས་ངོ་སྤྲོད་བྱས་པ་ན། ལས་གཞི་འཛུགས་སྐྲུན་ཁྲོད་ལག་རྩལ་གྱི་དཀའ་གནད་མང་པོ་ཐག་གཅོད་བྱེད་དགོས་ཀྱི་ཡོད། གཞུང་ལམ་ལྷོ་རྒྱུད་ཀྱི་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་ནང་གྱེན་དུ་འཛེགས་པར་ས་བབ་མཐོ་ཚད་སྨི་1000ཡས་མས་ཟིན་གྱི་ཡོད་ལ། དུང་འཁྱིལ་ལྟར་བསྟུད་མར་ཟམ་པ་སྤྱོད་དགོས་པས་འཆར་འགོད་ལ་དཀའ་ཁག་ཆེན་པོ་ཡོད་པར་མ་ཟད། ད་དུང་གྲང་ངར་གྱིས་ས་རྒྱུ་འཁྱགས་ནས་ལམ་གཞི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་པ་ཁྱད་དུ་བསད་དགོས་པ་རེད།
         མིག་སྔར། སྐྲུན་བཞིན་པའི་ལམ་དུམ་ནི་ལས་གཞིའི་དུས་ཡུན་དང་པོའི་བཟོ་སྐྲུན་ཡིན་པ་དེ་སྔོན་དཔག་བྱས་ན་ཟླ་24ནང་ལས་མཇུག་བསྒྲིལ་ཐུབ་ངེས་རེད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཤར་ལྷོའི་རྒྱུད་ཀྱི་སེང་གེ་གྲོང་ཚོ་ནས་འགོ་བཙུགས་ཏེ་ལམ་ཐིག་རྫ་ཆུའི་ཤར་ལྷོའི་ཕྱོགས་སུ་བཀོད་ཡོད། ལྕགས་ཁ་དཔལ་འབྱོར་གསར་སྤེལ་ཁུལ་ཐིག་སྒང་གྲོང་ཚོ་ནས་མཇུག་འགྲིལ་བ་དང་སྤྱིའི་རིང་ཚད་སྤྱི་ལེ་26.9ཟིན་པ་དང་ཇུས་འགོད་ལྟར་ན་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་80ཡིན་པ་རེད། ཟམ་པ་ཆེ་གྲས་21དང་། ཟམ་པ་འབྲིང་གྲས་11 ཕུག་ལམ་2 གཙང་པོ་བརྒལ་བའི་ཟམ་ཆེན་11བཅས་སྐྲུན་རྩིས་ཡོད་པས་ཟམ་པ་དང་ཕུག་ལམ་གྱི་སྡུར་གྲངས་70%ཟིན་ཡོད་པ་རེད།
         “འདི་ནི་ཆབ་མདོ་གྲོང་ཁྱེར་དུ་ལས་འགོ་བརྩམས་པའི་རིམ་མཐོའི་གཞུང་ལམ་ཐོག་མ་ཡིན་ལ་རང་སྐྱོང་ལྗོངས་ཀྱི‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་འཛུགས་སྐྲུན་གྱི་གཙོ་གནད་ལས་གཞི་ཞིག་ཀྱང་རེད།” ཆབ་མདོ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཚེ་རིང་འཇིགས་མེད་གྱིས། གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་དེས་ཁྲོན་བོད་འབྲེལ་མཐུད་དང་བོད་ཤར་ས་ཁུལ་གྱི་ཕྱི་ཕྱོགས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པར་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།