འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།པོ་ཨའོ་གླེང་སྟེགས་ཐོག་ཧའེ་ནན་གྱིས་འཛམ་གླིང་གླིང་ཕྲན་དཔལ་འབྱོར་འཕེལ་རྒྱས་ལ་ཀྲུང་
    གོའི་ཇུས་གཞི་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི“དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུའི་གླིང་ཕྲན་དཔལ་འབྱོར”གྱི་ཡན་ལག་གླེང་སྟེགས་གོང་ཚེས་ཉིན་འཚོགས་ཤིང་། ཚོགས་འདུའི་ཐོག་ཧའེ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ཧྲེང་ཤའོ་མིང་གིས་སྒོ་དབྱེ་དང་ལྗང་མདོག་ནི་གླིང་ཕྲན་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་རེད། ཧའེ་ནན་གྱིས་དེ་བས་མང་བའི་གླིང་ཕྲན་དཔལ་འབྱོར་དངོས་ཚན་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གླིང་ཕྲན་གྱི་དཔལ་འབྱོར་དངོས་ཚན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་གནང་བ་དང་གླིང་ཕྲན་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་ཇུས་གཞི་བཏོན་ཡོད་ཅེས་གསུངས་པ་རེད།
         ཧྲེང་ཤའོ་མིང་གིས་སྒྱུར་བཅོས་དང་སྒོ་དབྱེ་ནི་ཧའེ་ནན་གྱི་བསྟུན་མཁས་རང་བཞིན་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་ཞིག་རེད། འདས་ཟིན་པའི་ལོ་སུམ་ཅུའི་འཕེལ་རྒྱས་དེ་ཧའེ་ནན་གྱིས་སྒྱུར་བཅོས་དང་སྒོ་དབྱེར་བརྟེན་ནས་བྱུང་བ་དང་སླད་ཕྱིན་གྱི་ལོ་སུམ་ཅུའི་འཕེལ་རྒྱས་ལའང་ཧའེ་ནན་གྱིས་ད་དུང་སྒྱུར་བཅོས་སྒོ་དབྱེར་བརྟེན་རྒྱུ་ཡིན། ཧའེ་ནན་གྱིས་འཛམ་གླིང་ལ་ཕྱོགས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཆགས་སྟངས་ནང་ཧའེ་ནན་གྱི་གནས་བབ་འཚོལ་རྒྱུ་དང་ཆབས་ཅིག་ལྗང་མདོག་དཔལ་འབྱོར་དེ་གླིང་ཕྲན་དཔལ་འབྱོར་དངོས་ཚན་གྱི་ངོས་ནས་བརྗོད་ན་གལ་འགངས་ཆེ་བ་ཞིག་ཡིན་པ་དང་ཁོར་ཡུག་རྒྱུ་རྐྱེན་གྱིས་གླིང་ཕྲན་དཔལ་འབྱོར་དངོས་ཚན་ཆག་འཇིགས་ཇི་ཡོང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཧའེ་ནན་གྱིས2030ལོའི་གོང་དུ་གླིང་ཕྲན་ཚང་མར་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱད་དེ་གོ་ལ་ཧྲིལ་པོའི་གླིང་ཕྲན་དཔལ་འབྱོར་དངོས་ཚན་ཁྲོད་ལྗང་མདོག་ནུས་རྒྱུ་ཁྱབ་གདལ་གཏོང་རྒྱུ་སོགས་ཀྱི་ཐད་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཀྲུང་གོ(ཧའེ་ནན)སྒྱུར་འཕེལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཁྲེ་ཕུའུ་ལིན་གྱིས་ཚོགས་འདུའི་ཐོག་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུའི་གླིང་ཕྲན་དཔལ་འབྱོར་དངོས་ཚན་མཉམ་ལས་ཁྲོད་ཤེས་ལྡན་པའི་རིག་མཛོད་ནུས་པ་འདོན་སྤེལ་བྱེད་དགོས། གླིང་ཕྲན་དཔལ་འབྱོར་དངོས་ཚན་དང་ནང་སའི་དེ་མིན་དཔལ་འབྱོར་དངོས་ཚན་དབར་མི་འདྲ་བའི་ཆ་ཡོད་པས་སྒོ་དབྱེ་མ་བྱས་ན་གསོན་ཤུགས་དང་སྒུལ་ཤུགས་མེད་ལ་ཁྲོམ་ར་ཡང་ཐོབ་མི་སྲིད། ཧའེ་ནན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དེ་སྒོ་དབྱེར་བརྟེན་ནས་བྱུང་བ་ཞིག་དང་ལྷག་པར་དུ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྒོ་དབྱེར་སྣེ་ཁྲིད་ཐུབ་ཡོད། གླིང་ཕྲན་དཔལ་འབྱོར་དངོས་ཚན་གཞི་གཅིག་ཅན་དུ་འགྱུར་བ་བྱས་ཏེ་གླིང་ཕྲན་དཔལ་འབྱོར་དངོས་ཚན་གྱི་ཡུལ་སྐོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད།
         ཚོགས་ཞུགས་སྐུ་མགྲོན་མར་ཐཱ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཡོད་ཧན·ཨ་ཀུའེ་ལི་ནཱ་ཡིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་གླིང་ཕྲན་དཔལ་འབྱོར་དངོས་ཚན་ལ་འཕེལ་རྒྱས་ཀྱི་ལེགས་ཆ་མཁོ་འདོན་བྱས་ལུགས་སྐོར་བརྗོད་ཅིང་། ཨཱ་ཀུའེ་ལི་ནཱ་ཡིས་མར་ཐཱ་ནི་ཡོ་རོབ་ཏུ་སྐད་གྲགས་ཡོད་པའི་ཡུལ་སྐོར་གནས་མཆོག་ཅིག་རེད། འོན་ཀྱང་མར་ཐཱ་ཡི་ནུས་རྒྱུ་སྤྱོད་པའི་ཐད་སྦགས་བཙོག་ཆེ་བ་དང་ཕན་འབྲས་ཆུང་བའི་དཀའ་ངལ་འཕྲད་ཡོད། གླིང་ཕྲན་ཡོངས་སུ་ཁྲའེ་ཡིའུ་སྣུམ་སྤྱད་དེ་གློག་གཏོང་གི་ཡོད་པ་དང་རྒྱུན་དུ་གློག་ཆད་ཀྱི་ཡོད་པས་ཡུལ་སྐོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་གི་ཡོད། ཧྲང་ཧའེ་གློག་ཤུགས་ཀྱིས་མར་ཐཱར་རང་བྱུང་སོལ་རླངས་སོགས་ནུས་རྒྱུ་གསར་པའི་གློག་གཏོང་བཟོ་གྲྭ་བསྐྲུན་ནས་མར་ཐཱ་ཡི་མི་སེར་ལ་དེ་བས་གམ་གཙང་དང་དེ་བས་བློས་འགེལ་ཆོག་པའི་ནུས་རྒྱུ་མཁོ་འདོན་བྱེད་འདོད་ཡོད། མར་ཐཱ་དང་འདྲ་བའི་གླིང་ཕྲན་དཔལ་འབྱོར་དངོས་ཚན་ལ་ནུས་རྒྱུ་དཀོན་པས་སྒོ་དབྱེར་བརྟེན་ནས་ཕྱི་དང་མཉམ་ལས་བྱས་ཏེ་ཕན་པ་ཐོབ་པ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།