འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་དགོས་
    པའི་བརྡ་ཐོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས། ས་གནས་ཁག་ལ་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་ནས་གཏན་འབེབས་ཀྱི་ཁྱབ་ཁོངས་དང་ཚད་གཞི་ནན་པོ་གཞིར་བཟུང་སྐུལ་འདེད་གཏོང་བ་དང་། ལག་བསྟར་གྱི་ཇུས་གཞི་འགོད་པ་དང་དོན་འཁྱོལ་བྱེད་ཚུལ་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་པ། མ་དངུལ་བསྡུ་སྒྲིལ་དང་རྣམ་གྲངས་དོ་དམ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 2018ལོ་ནས་བཟུང་ཚོད་ལྟའི་ལས་དོན་སྤེལ་ཡུལ་གྱི་རྫོང་དབུལ་པོར་མ་དངུལ་བསྡུ་སྒྲིལ་བྱེད་རྩིས་ཡོད་པའི་གཞི་ཁྱོན་གྱིས་བསྡུ་སྒྲིལ་གྱི་ཁྱབ་ཁོངས་ནང་བཅུག་པའི་མ་དངུལ་གཞི་ཁྱོན་ཁྲོད་བཟུང་བའི་བསྡུར་ཚད་ལ་གཅིག་གྱུར་གྱི་བླང་བྱ་འདོན་རྒྱུ་མིན་པ་རེད།
         བརྡ་ཐོའི་ནང་ཁ་གསལ་བཏོན་དོན། མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟའི་ལས་དོན་སྤེལ་ཡུལ་གྱི་ཁྱབ་ཁོངས་ནི་རྒྱལ་ཡོངས་ཀྱི་ཡུག་འབྲེལ་ཤིན་ཏུ་དབུལ་པོའི་ས་ཁུལ་དང་རྫོང་དབུལ་པོ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང(དབུལ་སྒྲོལ་ཐུབ་པའི་རྫོང་ཚུད་པ)832ཡིན་པ་རེད། ཚོད་ལྟའི་ལས་དོན་སྤེལ་ཡུལ་རྫོང་དབུལ་པོས་བསྡུ་སྒྲིལ་བྱས་པའི་ཀྲུང་དབྱང་ནོར་སྲིད་མ་དངུལ་དག་རྒྱལ་གཞུང་སྤེལ〔2016〕ཡིག་ཨང་22ནང་གཏན་འབེབས་བྱས་པའི་མ་དངུལ་གྱི་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེ་མོ་20ཡི་ལས་བརྒལ་མི་ཆོག ཞིང་ཆེན་ཁག་གིས་རང་དགར་གཏན་འབེབས་བྱས་པའི་དེ་མིན་གྱི་ཚོད་ལྟའི་ལས་དོན་སྤེལ་ཡུལ་རྫོང་དུ་ས་གནས་རིམ་ཁག་ནོར་སྲིད་ཀྱི་མ་དངུལ་རང་བརྟེན་ངང་འཚོལ་ཞིབ་བྱེད་ཆོག
         ཚོད་ལྟའི་ལས་དོན་སྤེལ་ཡུལ་རྫོང་གིས་དབུལ་སྒྲོལ་དམིགས་ཚད་ལ་དམ་པོར་དམིགས་པ་དང་ད་ཡོད་ལག་ལེན་བསྟར་བཞིན་པའི་དབུལ་སྒྲོལ་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས། ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ནང་གཏོང་སྒོ་བཀོད་སྒྲིག་བྱས་ཏེ་མ་ལུས་ཀུན་ཚང་དང་བསྡུ་སྒྲིལ་གྱི་མིང་འཁྱེར་ནས“ལས་རྙོག་བཟོ་རྒྱུར”སྔོན་འགོག་བྱེད་དགོས། གོང་གསལ་ཁྱབ་ཁོངས་དང་ཚད་གཞི་ལས་བརྒལ་བར་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་བླང་བྱ་དང་མི་འཚམ་པའི་འབྲེལ་ཡོད་ཡིག་ཆ་དང་། བྱེད་ཐབས། ཇུས་གཞི་སོགས་བཟོ་བཅོས་རྒྱག་རྒྱུར་དམ་འཛིན་བྱེད་དགོས།
         ཚོད་ལྟའི་ལས་དོན་སྤེལ་ཡུལ་རྫོང་དབུལ་པོའི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་བསྡུ་སྒྲིལ་གྱི་ཚོད་ལྟའི་ལས་དོན་ལ་རང་འགུལ་ངང་ཞིབ་འཇུག་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། བླང་བྱ་གཞིར་བཟུང་ལོ་འཁོར་གྱི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་བྱེད་སྤྱོད་ལག་བསྟར་ཇུས་གཞི(གཤམ་དུ“ལག་བསྟར་ཇུས་གཞི”ཞེས་བསྡུ་རྒྱུ)འགོད་རྒྱུར་སྒྲིག་འཛུགས་བྱེད་དགོས། ཇུས་གཞི་ལག་ལེན་བསྟར་སྐབས་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་། “འགག་གནད”འཚོལ་ཐུབ་པ་བྱེད་པ། གཙོ་ཕལ་དབྱེ་འབྱེད་ཐུབ་པ་བཅས་བྱས་ཏེ་མ་དངུལ་དག་ཞིབ་ཕྲའི་རྣམ་གྲངས་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་པ་དང་སྦྲགས་མ་དངུལ་དག་རྣམ་གྲངས་གང་དུ་དངོས་སུ་སྤྱོད་མེད་ལ་གཞིགས་ནས་རྣམ་གྲངས་རེ་རེའི་འགན་འཁྲིའི་སྡེ་ཚན་ཁ་གསལ་བཟོ་དགོས། མ་དངུལ་བསྡུ་སྒྲིལ་བྱེད་སྐབས་སྔོན་ལ་མི་འབོར་དབུལ་པོར་ཐད་ཀར་ཕན་པ་ཐོབ་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་དངུལ་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས།
         དེ་དང་ཆབས་ཅིག མ་དངུལ་བསྡུ་སྒྲིལ་དང་རྣམ་གྲངས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མ་དངུལ་བསྡུ་སྒྲིལ་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་དབང་ཚད་རྦད་དེ་རྫོང་དུ་གཤམ་སྤྲོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཚོད་ལྟའི་ལས་དོན་སྤེལ་ཡུལ་རྫོང་གིས་ལོ་འཁོར་གྱི་དབུལ་སྒྲོལ་ལས་འགན་དང་དབུལ་སྒྲོལ་ཕན་འབྲས་ཆེ་རུ་གཏོང་བའི་དགོས་མཁོར་གཞིགས་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཚོད་ལྟ་བྱ་ཡུལ་གྱི་སྲིད་ཇུས་ཡག་པོ་སྤྱོད་པ། དངོས་ཐོག་བདེན་འཚོལ་གྱི་ཐོག་ནས་ལོ་འཁོར་གྱི་མ་དངུལ་བསྡུ་སྒྲིལ་བྱེད་རྩིས་ཡོད་པའི་གཞི་ཁྱོན་གཏན་འཁེལ་བཅས་བྱས་ཏེ། དགོས་མཁོ་ཡོད་སར་བསྡུ་སྒྲིལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བསྡུ་སྒྲིལ་བྱེད་དགོས་རིགས་བསྡུ་སྒྲིལ་གང་ལེགས་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།