འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“སྐུལ་སྤེལ་ལྔ་དང་ཤུགས་སྣོན་གཅིག”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་
    ཇུས་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་འཚོགས་པའི་པོའོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས“ཕྱོགས་སྒྱུར་ཁྲོད་ཀྱི་ཞིང་པ་དང་གྲོང་གསེབ”ཀྱི་ཡན་ལག་གླེང་སྟེགས་ཐོག་ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཞིང་ལས་གྲོང་གསེབ་པུས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ལེགས་གཏོང་། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས“སྐུལ་འདེད་ལྔ་དང་ཤུགས་སྣོན་གཅིག”བརྒྱུད་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྤྱི་འདོམས་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
         གཅིག་ནས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་བཅས་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་ཞིང་ལས་དེ་ཐོན་འཕར་ཕྱོགས་སྟོན་ནས་སྤུས་ཚད་མཐོར་གཏོང་གི་ཕྱོགས་སྟོན་ལ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་དང་ཡུལ་ཟོག་མགྱོགས་མྱུར་སྐྱེད་སྲིང་བྱེད་པ་དང་ཐོན་ལས་གསུམ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཞིང་པ་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་དཔལ་འབྱོར་དར་རྒྱས་ཡོང་བ་བྱེད་དགོས་པ་དང་།
         གཉིས་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ལག་ལེན་ཧུར་ཐག་བསྟར་ཏེ་གསང་སྤྱོད་གསར་བརྗེ་དང་ཞིང་ལས་ཀྱི་བེད་མེད་ཟོག་རོ་ཐོན་ཁུངས་སུ་སྒྱུར་ནས་བེད་སྤྱོད་སོགས་ལ་སྐུལ་འདེད་གཏོང་བ་དང་སྔོ་ལྗང་རི་ཀླུང་དང་གྲོང་གསེབ་ཀྱི་ཡུལ་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཐུན་མོང་མིན་པའི་གྲོང་གསེབ་ཉམས་གྱུར་དང་རྣམ་པ་རང་སོར་འཇོག་དགོས་པ།
         གསུམ་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཆུ་དང་། གློག ལམ། རླངས། སྡོད་ཁང་། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་གྲོང་གསེབ་ཏུ་སྣུར་སྲིང་དང་གཟིགས་སྐྱོང་བྱས་ནས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས་པ།
         བཞི་ནས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་ལེགས་གཏོང་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲོང་གསེབ་ཀྱི་སློབ་གསོའི་མ་ལག་དང་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རིགས་ཁག་གི་ཞིང་པའི་དཔལ་འབྱོར་རྩ་འཛུགས་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།
         ལྔ་ནས་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། “ཞིང་གསུམ”ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་ཞིང་པའི་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་དགོས། གསར་དར་ཞིང་ལས་གཉེར་སྐྱོང་བྱེད་པོ་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ་ཞིང་ལས་གཉེར་སྐྱོང་ཐད་ཚད་རན་པོ་བྱེད་པ་དང་རིགས་ཁག་གི་ཤེས་ལྡན་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་དར་བྱེད་པར་རྒྱབ་སྐྱོར་བྱས་ནས་རིགས་ཁག་གི་ཤེས་ལྡན་པ་གྲོང་གསེབ་ཏུ་འཇོན་ཐང་འདོན་རྒྱུར་ལྕག་སྐུལ་བྱེད་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།