འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་ནུབ་ཀྱིས་ཐབས་མང་མཉམ་སྤྱོད་ངང་དབུལ་སྐྱོར་ཕན་འབྲས་སྲ་བརྟན་དུ་གཏོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དུ་སྔོན་ལ་སྤྱི་ཡོངས་ནས་དབུལ་སྒྲོལ་ཐུབ་པ་བྱས་རྗེས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མུ་མཐུད་ཤུགས་བརྒྱབ་སྟེ་དམངས་ལ་ཕྱུག་འགྱུར་བྱེད་རོགས་དང་། འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། དམངས་འཚོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་གོ་ཆོད་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་འགན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།
         སྤྱི་ཡོངས་དབུལ་སྒྲོལ་གྱི་དམིགས་ཚད་གྲུབ་རྗེས་མཚོ་ནུབ་ཀྲོའུ་ཡིས་ནུས་ཤུགས་ཆུང་དུ་མི་གཏོང་བ་དང་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་བར་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རིང“མི་གཞི་རིམ་དུ་བསྐྱོད་པ་དང་། ལས་དོན་གཞི་རིམ་དུ་སྒྲུབ་པ། ཤུགས་གཞི་རིམ་དུ་རྒྱག་པ། དངུལ་གཞི་རིམ་ལ་གཏོང་བ”བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་སྲ་བརྟན་དུ་གཏོང་བའི་ཕན་འབྲས་ཆེར་གཏོང་དང་སྤུས་ཚད་འགན་ལེན་བྱས་པ་རེད། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཡུལ་སྐོར་གྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1500བཏང་བས་དུད་ཚང་513གྱི་མི་རིགས་ཁག་གི་མང་ཚོགས་1417ལ་ཕན་པ་ཐོབ་པ་དང་། ཀྲོའུ་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་3500བཏང་ནས་དབུལ་སྒྲོལ་གྲོང་ཚོར་ཚོང་ཁང་ཉོ་བ་དང་ཁེ་ལས་སམ་ཡང་ན་ཆེད་ལས་མཉམ་ལས་ཁང་ནང་མ་རྐང་འཇོག་རྒྱུའི་རྒྱབ་སྐྱོར་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་བ་རེད། མང་ཚོགས་2388ལས་ཞུགས་གཞན་སྒྱུར་བྱས་ཏེ་སྤྱི་ཕན་ལས་གནས་དང་ཁེ་ལས་སུ་ལས་ཞུགས་ཐུབ་པ་བྱས་ནས་ཟླ་རེར་ཡོང་འབབ་བརྟན་པོས་ཡུན་རིང་ཕན་པ་ཐོབ་པ་བྱས་ཡོད། སྣོད་བཅུད་སྲུང་སྐྱོང་དང་དབུལ་སྒྲོལ་སྲ་བརྟན་དུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་བདག་སྐྱོང་བ་935དང་རྩྭ་ར་སྲུང་སྐྱོང་བ་140བཀོད་སྒྲིག་བྱས་པར་གླ་ཕོགས་ཁ་གསབ་སྒོར་ཁྲི་1643.4སྤྲད་པ་རེད། ལས་རིགས་ཀྱི་དབུལ་སྐྱོར་མ་དངུལ་ཕོན་ཆེན་བཏང་ནས་འཐུང་ཆུའི་བདེ་འཇགས་དང་། འགྲོ་ལམ་ཤར་བགྲོད། རིག་གནས་དང་སྨན་བཅོས་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་ཕྱོགས་ཡོངས་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་བ་རེད།
         “བློ་སྟོབས་དབུལ་སྐྱོར”དང“རིག་སྟོབས་དབུལ་སྐྱོར”བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ་ལས་སྟེགས་བསྐྲུན་པ་དང་། འཇོན་ཐང་ཅན་འཁྲིད་པ། རྣམ་གྲངས་འཚོལ་བ་བཅས་ཀྱི་སྒོ་ནས་དབུལ་སྒྲོལ་སྲ་བརྟན་དུ་གཏོང་རྒྱུར་ནང་ངོས་མི་སྟོབས་ཤུགས་བསྣན་ཡོད། རྩལ་ནུས་གསོ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་ཚོ་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལ་གསོ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་སྤྲད་པ་དང་། མི་1892ལ་གསོ་སྦྱོང་སྣ་ཚོགས་བྱས་ནས་གྲོང་ཚོ་དབུལ་པོའི་ངལ་ལས་ཀྱི་བར་ཁེ་བ་75དང་གཞོན་ནུའི་ལས་གཏོད་ཀྱི་སྣེ་ཁྲིད་པ་110ལྷག་ཙམ་གསོ་སྦྱོང་བྱས་པ། མངོན་མིན་རིག་གནས་ཤུལ་བཞག་ཁོངས་སུ་གཏོགས་པའི་བལ་འཚེམ་ལག་ཤེས་བཟོ་རྩལ་དང་། དྲ་ཐོག་ཚོང་དོན། བཟའ་བཏུང་ཞབས་ཞུ། སེར་སྐུད་ཐང་ག་སོགས་ཀྱི་ཆེད་ལས་13གྱི་མི་993ལ་གསོ་སྦྱོང་བྱས་ནས“གཞན་བརྟེན”ནས“རང་བརྟེན”གྱི་རྣམ་པ་གསར་པ་ཞིག་བཏོད་པ་རེད།
         དངུལ་རྩའི་དབུལ་སྐྱོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་ཀྲོའུ་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྤུས་སྤོར་རིམ་སྤོར་གྱི་དུས་མཚམས་སུ་སླེབས་ཤིང་། ཞིང་ཆེན་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་འབྲེལ་མཐུད་བྱས་པའི་དངུལ་བུན་སྒོར་དུང་ཕྱུར་110.9ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཆབས་ཅིག ཀྲོའུ་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་སོགས་དང་དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་དང་། དབུལ་སྐྱོར་ཐོན་ལས་གླིང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་ཀྱི་འདུ་འགོད་རྣམ་གྲངས་ཚང་མར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་དངུལ་རྩའི་དབུལ་སྐྱོར་གྱི་རྣམ་གྲངས་160ལྷག་ཙམ་ལས་འགོ་བཙུགས་ཟིན་ཡོད། ཀྲོའུ་དང་རྫོང་རིམ་གཉིས་ཀྱིས་ཀྲོའུ་དེ་ཡོངས་ཀྱི་དབུལ་པོ་མིན་པའི་གྲོང་ཚོ་177ལ་སྒོར་ཁྲི་21.75ཟིན་པའི་ཐོན་ལས་འཕེལ་རྒྱས་མ་དངུལ་སྤྲད་པར་ཁྱོན་སྒོར་ཁྲི་3849.75ཟིན་པས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། ཞིང་ཆེན་རིམ་པའི་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་7000ཁ་ཚ་དགོས་གཏུགས་སུ་སྤྱད་དེ་གོར་མོ་དང་། གཏེར་ལེན་ཁ། དུར་ལམ། ཐེམ་ཆེན་བཅས་གྲོང་ཁྱེར་དང་རྫོང་བཞིའི་དབུལ་སྐྱོར་ཐོན་ལས་གླིང་དང་། དེ་བཞིན་གཏེར་ལེན་ཁ་དང་ཝུའུ་ལན་རྫོང་གི་ཡུལ་སྐོར་དབུལ་སྐྱོར་གྲོང་ཚོ་5བསྐྲུན་མྱུར་དུ་བཏང་ནས་དེ་དག་གིས་དབུལ་སྐྱོར་སྲ་བརྟན་དུ་གཏོང་རིང་ཐོན་ལས་ཀྱི་སྣེ་ཁྲིད་ཕན་འབྲས་སྔ་སྣུར་དུ་ཐོན་ཐུབ་རྒྱུའི་བརྩོན་ལེན་བྱས་པ་རེད། 
     
      

    ཕྱོགས་བསྡུས་གསར་འགྱུར།