འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་ཇུས་གཞིས་དམངས་ཡོངས་ཀྱི་བདེ་ཐང་ཁྱོན
    ་ཡོངས་ལ་ཁྱབ་རྒྱུར་ལམ་རིས་ཤིག་མཁོ་འདོན་བྱས་ཡོད་ཅེས་བསྔགས་བརྗོད་བྱས་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཆུས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་པ་དང་། འདི་ལོའི་བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱི་བདེ་ཐང་མི་ཚང་མ་དང་ས་ཆ་ཚང་མར་ཁྱབ་པ་བྱ་རྒྱུ”དེ་ཡིན་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་འཁོར་སྐྱོད་ཡག་པོ་བྱས་པའི་འཕྲོད་བསྟེན་མ་ལག་དེ་དམངས་ཡོངས་བདེ་ཐང་གི་རྨང་རྡོ་ལྟ་བུར་གྱུར་ནས་གོ་ལ་ཧྲིལ་པོར་གཞི་རྩའི་འཕྲོད་བསྟེན་ཞབས་ཞུ་ཁྱབ་པའི་གནད་དོན་ཐག་གཅོད་བྱ་ཆེད་དཔྱད་གཞིར་འཛིན་ཆོག་པའི་ལམ་རིས་ཤིག་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོའི་མི་འབོར་ཕྱེད་ཀ་ཙམ་ལ་དགོས་ངེས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཐོབ་མེད་པ་དང་། མི་དུང་ཕྱུར་1ཙམ་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱིས་རྐྱེན་པས་ཤིན་ཏུ་དབུལ་པོར་གྱུར་བ། མི་དུང་ཕྱུར་8ལྷག་ཙམ་གྱི་སྨན་བཅོས་འགྲོ་གྲོན་དེ་ཁྱིམ་ཚང་གི་སྔོན་རྩིས་ཀྱི་10%ཡན་ཟིན་པས“གོད་ཆག་རང་བཞིན་གྱི་གཏོང་སྒོ”ཟེར་བར་གྱུར་ཡོད། གལ་སྲིད་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ན། 2023ལོར་སླེབས་སྐབས་འབྲེལ་ཡོད་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་མི་འབོར་དུང་ཕྱུར་10གསར་དུ་འཕར་རྒྱུ་ཡིན་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། དམངས་ཡོངས་ཀྱི་བདེ་ཐང་ཁྱོན་ཡོངས་ལ་ཁྱབ་རྒྱུ་དེ་རིན་དོད་དུ་བྱས་ནས་རིན་མེད་ངང་འཕྲོད་བསྟེན་ཞབས་ཞུ་ཁྱོན་ཡོངས་ལ་མཁོ་འདོན་བྱེད་པ་ཞིག་མིན། ཞབས་ཞུ་དེ་རིགས་ལ་རྒྱལ་ཁབ་གང་འདྲ་ཞིག་གིས་ཀྱང་འགན་འཁུར་ཐུབ་ཀྱི་མེད་པ་རེད། དེས་མི་ཚང་མར་འོས་འཚམ་གྱི་འཕྲོད་བསྟེན་ཞབས་ཞུ་ཐུབ་རྒྱུ་མ་ཟད། དེའི་རྐྱེན་པས་དཔལ་འབྱོར་ལ་དཀའ་ངལ་འཕྲད་མི་སྲིད། དེར་བརྟེན། དམངས་ཡོངས་ཀྱི་བདེ་ཐང་ཁྱབ་པར་བྱེད་རྒྱུ་ནི་ཚད་གཞི་དམའ་ཤོས་ཀྱི་འཕྲོད་བསྟེན་ཞབས་ཞུ་ཆ་ཚང་ཞིག་ཡིན་པ་མཚོན་པ་མ་ཟད། ད་དུང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱང་འགན་ལེན་བྱས་ནས་འཕྲོད་བསྟེན་ཞབས་ཞུ་དང་ནོར་སྲིད་ཁ་གསབ་ཀྱི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་གཏོང་དགོས།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས། “དམངས་ཡོངས་ལ་བདེ་ཐང་ཁྱབ་པར་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་གདམ་ག་ཞིག་རེད། རྒྱལ་ཁབ་དང་སྲིད་གཞུང་ཚང་མར་དམིགས་ཚད་དེ་མངོན་འགྱུར་བྱེད་པའི་འགན་འཁྲི་ཡོད”ཅེས་གསུངས། ཁོང་གིས་2017ལོར་ཀྲུང་གོར་འཚམས་འདྲི་གནང་སྐབས“དམངས་ཡོངས་ལ་བདེ་ཐང་ཁྱབ་པར་བྱེད་པའི་ཐད་ཀྲུང་གོ་སྔོན་ཚུད་ཀྱི་གནས་བབ་ཏུ་གནས་ཡོད། དེའི་མི་འབོར་95%ཡན་ལ་གཞི་རྩའི་བདེ་ཐང་གི་འགན་བཅོལ་ཡོད”ཅེས་གདེང་འཇོག་བྱས་ནས་གསུངས། ཁོང་གིས་ཀྲུང་གོས་བཟོས་པའི་《“བདེ་ཐང་གི་ཀྲུང་གོའི་2030ལོའི”འཆར་འགོད་རྩ་གནད་》དེ་ནི་མིག་དཔེ་ཡག་པོ་ཞིག་ཡིན་པ་དེས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྲོད་བདེ་ཐང་ལ་མཐོང་ཆེན་བྱེད་ལུགས་མངོན་ཡོད་ཅེས་གསུངས།
         ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་དྲ་བ་ཞིག་ཡིན་པའི་ངོས་ནས་བརྗོད་ན། མིག་སྔར་ཀྲུང་གོའི་དམངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་མ་ལག་མི་འབོར་ལ་ཁྱབ་ཚད་མི་དུང་ཕྱུར་13.5ལྷག་ཙམ་ཟིན་པ་དང་འགན་ལེན་ནང་ཞུགས་ཚད་95%ཡན་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་ལམ་ལུགས་ཀྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དུང་ཕྱུར་10.5ལ་འགན་བཅོལ་དང་འགན་ལེན་མཁོ་འདོན་བྱས་ནས་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། 2016ལོར་ནད་ཆེན་ཕོག་པའི་ནད་པ་ཁྲི་1100ལྷག་ཙམ་ལ་ལུགས་མཐུན་སྨན་བཅོས་འགྲོ་གྲོན་རྩིས་ཞུའི་སྲིད་ཇུས་ཀྱི་ཕན་པ་ཐོབ་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་ཉིན་མོ་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་1948ལོར་འཚོགས་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས་དང་པོའི་ཐོག་གཏན་འབེབས་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་གིས་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་དོ་འཁུར་བྱས་ནས་མི་རྣམས་ཀྱི་འབྲེལ་ཡོད་བྱང་ཚད་དང་ངོས་འཛིན་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་རེད། 1950ལོ་ནས་བཟུང་འཛམ་གླིང་འཕྲོད་བསྟེན་ཉིན་མོ་དེ་ཟླ་4ཚེས་7ཉིན་ལ་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།