འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ཐད་གཏོང་མཁའ་ལམ་གྱིས"མཁའ་དབྱིངས་ཀྱི་མཛའ་
    གྲོགས་འབྲེལ་ཟམ"བཙུགས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཝུན་ཆིང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་10ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་5ཉིན་གྱི་ཕྱི་དྲོ། ཕ་ན་མ་གྲོང་ཐོ་ཁུའུ་མན་རྒྱལ་སྤྱིའི་གནམ་ཐང་དུ་ཁ་སྤྲོད་བྱས་ནས་བཞག་པའི་མེ་ཟོན་རླངས་འཁོར་གཉིས་ཀྱིས་ཆུ་སྟོར་ནས་རྒྱལ་སྤྱིའི་མཁའ་འགྲུལ་ལས་རིགས་ཀྱི་སྲོལ་རྒྱུན་གྱི“ཆུ་སྒོ་འཛུལ་བའི”མཛད་སྒོ་གཉེར་ཏེ་ཀྲུང་གོའི་འགྲུལ་སྐྱེལ་གནམ་གྲུ་ཐོག་མ་དེར་དགའ་བསུ་ཞུས་པ་རེད།
         དེ་ནི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་བྱས་པའི་པེ་ཅིང་ནས་ཕ་ན་མ་གྲོང་གི་ཐད་གཏོང་གནམ་གྲུ་ཐོག་མ་དེ་ཡིན་པ་དང་གནམ་གྲུ་དེ་ཨ་རིའི་ཤིའུ་སི་ཏུན་དུ་བབས་ཙམ་བྱེད་ཀྱི་ཡོད་པས་ཁྱོན་ཆུ་ཚོད་19ལྷག་ཙམ་འགོར་གྱི་ཡོད། མིག་སྔར་གཟའ་འཁོར་རེར་ཐེངས་གཉིས་རེ་ཡོད་པ་དང་མཁའ་ལམ་དེར་པོ་དབྱིང་777—300རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་འཕུར་སྐྱོད་བྱེད་ཀྱི་ཡོད་པ་རེད།
         དུས་གཏན་གནམ་གྲུ་ཕ་ན་མ་གྲོང་དུ་བབས་པ་དང་བསྟུན་ནས་མིག་སྔར་ཀྲུང་གོའི་མཁའ་འགྲུལ་ཁེ་ལས་ཀྱིས་གཉེར་སྐྱོང་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་འབྲེལ་བའི་ཐད་གཏོང་མཁའ་ལམ་5བར་མང་དུ་བཏང་ཡོད་པ་རེད། མཁའ་ལམ་དེ་དག་གིས་ཞི་བདེ་རྒྱ་མཚོ་ཆེ་མོ་སྒྲོལ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕན་ཚུན་སྦྲེལ་མཐུད་བྱེད་པའི“མཁའ་དབྱིངས་ཀྱི་མཛའ་གྲོགས་འབྲེལ་ཟམ”བཙུགས་ཡོད་པ་རེད།
         ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཐད་གཏོང་མཁའ་ལམ་ཐོག་མ་དེ་2006ལོའི་ཟླ་12པར་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་མ་ཏེ་རི་དང་དེ་ནས་ཧྲེང་པའོ་ལུའོ་བར་ཕར་འགྲོ་ཚུར་འོང་བྱེད་པའི་མཁའ་ལམ་ཤར་གཏོང་བྱས་པ་ཞིག་རེད། རྒྱལ་སྤྱིའི་མཁའ་འགྲུལ་ཧྲེང་པའོ་ལུའོ་གཉེར་སྐྱོང་པུའི་སྤྱི་ཁྱབ་ཅིང་ལི་ཧྲེ་ཧྲོའེ་ཡིས་དེ་ནི་རྒྱལ་སྤྱིའི་མཁའ་འགྲུལ་དྲ་བས་མེ་གླིང་ལྷོ་མ་བར་སྣུར་སྲིང་བྱེད་ཐེངས་ཐོག་མ་དེ་ཡིན་པ་དང་དེས་ཀྲུང་གོ་དང་པར་ཙིར་གྱི་ཡུལ་སྐོར་བ་དང་དེ་བཞིན་སྲིད་གཞུང་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཀྲུང་གོ་དང་པར་ཙིར་ཉེ་འཁོར་གྱི་ཨ་ཀེན་ཐིན་དང་། ཀྲི་ལི། ཝུ་ར་ཀུའེ་སོགས་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་བར་ཐག་ཐུང་དུ་གཏོང་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
         2017ལོའི་ཟླ་4པར་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་ཀོང་ཀྲོའུ་ནས་དབུན་ཀོ་ཧྭ་དང་དེ་ནས་མོ་ཞི་ཁོ་གྲོང་བར་ཕར་འགྲོ་ཚུར་འོང་བྱེད་པའི་མཁའ་ལམ་ཤར་གཏོང་བྱས་ཡོད། ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིའི་མོ་ཞི་ཁོ་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཅིང་ལི་ཝུའུ་དབྱིང་ཅུན་གྱིས་མཁའ་ལམ་དེར་གཟའ་འཁོར་རེར་གནམ་གྲུ་ཐེངས་གསུམ་རེ་ཡོད་པ་དང་འཕུར་སྐྱོད་བྱས་ནས་ལོ་གཅིག་ཙམ་ནང་ཆ་སྙོམས་དུས་གཏན་གནམ་གྲུ་རེར་འགྲུལ་པ་50ཙམ་ཡོད་ཅེས་ངོ་སྤྲོད་བྱས།
         འདི་ལོའི་ཟླ་3པར་ཀྲུང་གོ་ཧའེ་ནན་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་མོ་ཞི་ཁོ་གྲོང་བར་གྱི་ཐད་གཏོང་མཁའ་ལམ་ཤར་གཏོང་བྱས་ཡོད། ཀྲུང་གོར་བཅའ་སྡོད་མོ་ཞི་ཁོའི་གཞུང་ཚབ་ཆེ་མོ་བ་ཧོ་སའེ·ལུའུ་དབྱི་སི·པེའར་ནེའར་གྱི་དུས་གཏན་གནམ་གྲུ་བསྡད་དེ་མོ་ཞི་ཁོ་གྲོང་དུ་ཕྱིར་ལོག་བྱས་ཏེ་ཧའེ་ནན་མཁའ་འགྲུལ་ཀུང་སིའི་པེ་ཅིང་ནས་ཏི་ཧྭ་ན་བར་དང་དེ་ནས་མོ་ཞི་ཁོ་གྲོང་བར་གྱི་མཁའ་ལམ་ལ་རྒྱབ་སྐྱོར་བྱ་ལུགས་དང་སྨོན་འདུན་བཟང་པོ་ཞུ་ལུགས་མཚོན་པ་བྱས་པ་རེད།
         ཧའེ་ནན་མཁའ་འགྲུལ་ཕྱོགས་ཀྱིས་འདི་ལོའི་ཟླ་3པར་པེ་ཅིང་ནས་ཏི་ཧྭ་ན་བར་དང་དེ་ནས་མོ་ཞི་ཁོ་གྲོང་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པའི་ཟླ་བ་ཐོག་མ་དེར་འགྲུལ་པ་ཞུགས་ཚད་52%ཡན་ཟིན་པ་དང་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4ལས་བརྒལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།