འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཏང་ཁྲང་དུ་སྔོ་ཞིང་དྭངས་པའི་རི་ཆུ་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི"གསེར་རི་དངུལ་རིར"གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་09ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་30ལ་སླེབས་པའི་མིའོ་ལུང་ཕིང་ནི་ཀན་སུའུ་ལུང་ནན་གྲོང་ཁྱེར་ཏང་ཁྲང་རྫོང་ཁྲེང་ཀོན་གྲོང་རྡལ་ལུའུ་རེན་གྲོང་ཚོའི་གྲོང་མི་ཡིན། ཆིན་པ་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་གནས་པའི་ཏང་ཁྲང་ནི་ས་བབ་རྙོག་འཛོང་ཆེ་རུང་། ས་ངོས་ཆགས་ཚུལ་ལྟ་ན་སྡུག་པ་དང་ཁོངས་གཏོགས་ཀྱི་ཀོན་ཨེ་ལུང་ཤུར་སོགས་སུ་སྔོ་ཁེབས་ཀྱིས་ཁེངས་ནས་ཡུལ་ལྗོངས་མཛེས་པ་མ་ཟད། ཐུན་མོང་མ་ཡིན་པའི་ཆའང་རིགས་དང་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་ལས་དེ་ཉིད་ཀན་སུའུ་ཡི་དེ་ཙམ་མང་པོ་མེད་པའི་ཡུལ་སྐོར་ཐོན་ཁུངས་འབེལ་ཤོས་ཀྱི་རྫོང་ཞིག་ཏུ་གྱུར་ཡོད།
         འོན་ཀྱང་རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་ནས་གསར་སྤེལ་ཡག་པོ་བྱས་མེད་སྟབས། ལོ་མང་རིང་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དག་ལ་མི་རྣམས་ཆ་རྒྱུས་ཆེན་པོ་མེད་པ་རེད། གྲོང་མི་ཚོས་སྔར་ནས་རི་སྔོ་ཆུ་དྭངས་ལ་གཞི་བཅོལ་རུང་འཚོ་བ་སྔར་བཞིན་དབུལ། མེའོ་ལུང་ཕིང་གིས་དེ་སྔ་གྲོང་མི་ཚོས་ཕྱིར་ལས་ཀ་བྱེད་པར་སྐྱོད་ཀྱི་ཡོད། “ལས་ཀ་དཀའ་ལས་ཁག་པོ་ཡོད་པ་མ་ཟད། ལོ་གཅིག་རིང་ཁྱིམ་ཚང་གཅིག་ལ་ཡོང་འབབ་སྒོར་ཁྲི་2ཡང་ཟིན་གྱི་མེད”ལོ་འཁོར་མོར་ཕྱིར་བསྐྱོད་དགོས་སྟབས་གྲོང་ཚོའི་གཞོན་ནུ་གཞན་དང་འདྲ་བར་རང་ཁྱིམ་གྱི་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་ཀྱང་ཐུབ་ཀྱི་མི་འདུག་ཅེས་བཤད།
         ད་ཕན་ལོ་ཤས་རིང་། ས་གནས་དེའི་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་ཆེ་མོའི་དོ་དམ་ཨུ་ལྷན་བཙུགས་ནས་སྣོད་བཅུད་ཆོས་ཉིད་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག མངའ་ཁོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་གསར་སྤེལ་བྱས་པ་མ་ཟད། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་ནས་གཟིགས་སྐྱོང་བྱེད་ཐབས་མང་དག་བཏོན་ཏེ་ཡུལ་སྐོར་བའི་ཡིད་དབང་བཀུག་པ་མ་ཟད། སྣོད་བཅུད་ཡུལ་སྐོར་ཡང་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།
         ཡུལ་སྐོར་བ་མང་དུ་ཕྱིན་པ་དང་སྦྲགས་མཛེས་ལྗོངས་ཁུལ་དུ་གནས་པའི་ཞིང་པ་དབུལ་པོ་ཚོར་འཕེལ་རྒྱས་ཀྱི་མདུན་ལམ་གསར་པ་ཞིག་རྙེད། གྲོང་མི་ཚོས་ཞིང་ཁྱིམ་མགྲོན་ཁང་གཉེར་བསམ་རུང་། ཞིང་ཁྱིམ་མགྲོན་ཁང་ཇི་ལྟར་གཉེར་རྒྱུ་དང་ཡུལ་སྐོར་བ་ཇི་ལྟར་བྱས་ནས་མགྲོན་ཁང་དུ་འབོད་རྒྱུ་ཉིད་ཞིང་པའི་སེམས་ཁྲལ་དུ་གྱུར།
         “དེ་སྔ་ཁང་པ་གོག་ཧྲུལ་དང་ཆུ་བཤལ་གཏོང་བའི་གསང་སྤྱོད་མེད་པ་མ་ཟད། གཟུགས་པོ་འཁྲུད་ཁང་ཡང་མེད་པས་ཡུལ་སྐོར་བ་མི་ཉུང་བས་ཁྱིམ་གྱི་ཆ་རྐྱེན་མཐོང་སྐབས་སྡོད་འདོད་བྱེད་ཀྱི་མི་འདུག”ང་དང་འདྲ་བར་སེམས་ཁྲལ་བྱེད་མཁན་མི་ཉུང་བ་ཞིག་ཡོད། མ་དངུལ་དཀོན་པ་དང་དོ་དམ་བྱེད་ཤེས་ཀྱི་མེད་ལ། གྲོང་མིའི་ཁྱིམ་ཚང་གི་འཕྲོད་བསྟེན་དང་ཞག་སྡོད་ཀྱི་ཆ་རྐྱེན་སྐྱོ་བས་ཚོང་གི་གོ་སྐབས་ཤོར་ཡང་སེམས་ཁྲལ་བྱ་རྒྱུ་ལས་མ་འདས་ཞེས་མེའོ་ལུང་ཕིང་གིས་བཤད།
         དེས་ན་ཡུལ་དེའི་སྲིད་གཞུང་གིས་གྲོང་གསེབ་ཏུ་ཡུལ་སྐོར་ཞབས་ཞུའི་མཉམ་ལས་ཁང་བཙུགས་ནས་ཞིང་དུད་ལ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་ཞིང་ཁྱིམ་མགྲོན་ཁང་གཉེར་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།
         ཏང་ཁྲང་རྫོང་ཁྲེང་ཀོན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཧའེ་ཐའོ་ཡིས་ངོ་སྤྲོད་བྱས་པར། མ་དངུལ་དང་ངལ་ནུས་དཀོན་པའི་ཞིང་དུད་ཀྱིས་ཁྱིམ་ཚང་གི་ཁང་པ་ཐོལ་པ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་དང་མཉམ་ལས་ཁང་གིས་གཅིག་གྱུར་མཛེས་བཟོ་དང་གཉེར་སྐྱོང་བྱས་ཏེ་ཡོང་འབབ་མཉམ་ལས་ཁང་དང་གྲོང་མིར་བགོ་བཤའ་ཕྱེད་ཀ་རྒྱག་གི་ཡོད། མགྲོན་ཁང་གཉེར་ནུས་ལྡན་རུང་གཉེར་སྐྱོང་བྱེད་སྟངས་མི་ཤེས་པའི་ཞིང་དུད་ལ་མཉམ་ལས་ཁང་གིས་ཚབ་བྱས་ནས་གཉེར་སྐྱོང་བྱས་ཏེ་མཉམ་ལས་ཁང་གིས་འགྲོ་གྲོན་ཕྲན་བུ་ཞིག་བསྡུས་ནས་ཁང་དེར་ལས་ཀ་བྱེད་མཁན་གྲོང་མིར་གླ་ཆ་སྤྲོད་ཀྱི་ཡོད།
         དུད་ཚང་དབུལ་པོ་སྔར་བས་མང་བར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་ཆེད། ས་གནས་དེའི་སྲིད་གཞུང་གིས་ཆེད་དངུལ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི་3སྤྲད་དེ་མགྲོན་ཁང་ལ་མཛེས་བཟོ་དང་དེ་མཚུངས་ཀྱི་དངོས་ཟོག་ཉོ་རྒྱུ་སོགས་ལ་སྤྱད་པ་མ་ཟད། དུད་ཚང་དབུལ་པོར་གཉེར་སྐྱོང་བྱེད་སྟངས་ཐོག་མཛུབ་ཁྲིད་བྱེད་ཀྱི་ཡོད།
         “ལོ་དང་པོར་ང་ལ་སྒོར་ཁྲི་1.3རག་བྱུང་། དུས་རྒྱུན་ཉེ་འགྲམ་གྱི་རྫོང་གྲོང་དུ་ལས་ཀ་ཙག་ཙིག་བྱེད་པར་བསྐྱོད་ཀྱི་ཡོད་པས་ཡོང་འབབ་མི་ཉུང་བ་ཞིག་ཡོང་གི་འདུག” 2017ལོར་མེའོ་ལུང་ཕིང་གིས་ཁང་པའི་ས་ཞིང་གཏའ་མར་བཞག་པ་དང་ས་གནས་དེའི་ཡིད་རྟོན་ཁང་ནས་དངུལ་བུན་སྒོར་ཁྲི་10གཡར་བ་མ་ཟད། དགའ་ཉེ་སྤུན་མཆེད་ས་ནས་གཡར་བའི་དངུལ་བསྡོམས་སྒོར་ཁྱོན་ཁྲི་30བཏང་སྟེ་ཐོག་སོ་གསུམ་ལྡན་གྱི་ཁང་པ་ཞིག་བརྒྱབ། “ཁང་པར་མཛེས་རྒྱན་སྤྲས་རྗེས་ཡུལ་སྐོར་བར་སྣེ་ལེན་ཞུས་ཚེ་ཡོང་འབབ་དེ་ལས་མང་བ་རག་ཐུབ”ཅེས་བཤད།
         སྔོ་ཞིང་དྭངས་པའི་རི་ཆུ་ལས་གྲོང་མིར་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་བྱུང་བ་མ་ཟད། གྲོང་ཚོའི་རྣམ་པ་ཡང་གསར་རྐྱང་དུ་གྱུར་ཡོད། མཛེས་ལྗོངས་ཁུལ་གྱི་གྲོང་ཚོ་མང་པོར་ཨར་འདམ་ལམ་བཏིང་བ་དང་། བཟོ་ལྟ་གཅིག་པའི་གྲོང་མིའི་སྡོད་ཁང་བསྐྲུན་པ། དྭངས་ཤིང་གཙང་བའི་ཆུ་མོ་གྲོང་ཚོ་བརྒྱུད་ནས་ཤང་ཤང་དུ་རྒྱུག་པས་གྲོང་ཚོའི་རྣམ་པ་མཛེས་ཤིང་ལྟ་ན་སྡུག་པར་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཏང་ཁྲང་རྫོང་དུ་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཐད་ཀར་དང་ཟུར་དུ་ཞུགས་མཁན་མི་གྲངས་ཁྲི་3.5ལྷག་ཙམ་ཟིན་པ་དང་། ཡུལ་སྐོར་ལས་རིགས་ནང་ཞུགས་ནས་མི་4000ལྷག་ཙམ་དབུལ་སྒྲོལ་ཐུབ་པ་དེས་2017ལོར་རྫོང་དེའི་སྔོན་དཔག་དབུལ་སྒྲོལ་མི་གྲངས་ཀྱི་21%བཟུང་ཡོད། དེ་སྔའི་སྔོ་ཞིང་དྭངས་པའི་རི་ཆུ་གྲོང་མིའི་དབུལ་སྒྲོལ་ཕྱུག་འགྱུར་གྱི“གསེར་རི་དངུལ་རིར”གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།