འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གིས་གངས་འཁྱགས་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་08ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། པེ་ཅིང་གི་སློབ་གྲྭ་འབྲིང་ཆུང་གིས“གངས་འཁྱགས”ཀྱི་ལུས་རྩལ་དགེ་རྒན་གསོ་སྐྱོང་བྱེད་པ་དང་། “གངས་འཁྱགས”ཀྱི་ཕྱི་རྒྱལ་གྱི་དགེ་རྒན་ནང་འདྲེན་བྱེད་པ། ཆ་རྐྱེན་ལྡན་པའི་སློབ་གྲྭར་འཁྱགས་རྩེད་ར་བ་བསྐྲུན་པ་བཅས་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་། དེ་བཞིན་རིག་གནས་སློབ་གསོ་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གི་སློབ་གསོ་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་སློབ་གྲྭའི་གངས་འཁྱགས་ཀྱི་དགེ་རྒན་གྱི་གནས་ཚུལ་མཐིལ་རྟོགས་བརྟག་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་《པེ་ཅིང་གྲོང་ཁྱེར་གྱི་གངས་འཁྱགས་ལུས་རྩལ་སློབ་གྲྭའི་ཟུར་ཁྲིད་པའི་ཆོག་འཐུས་ཆ་རྐྱེན་དང་གསོ་སྦྱོང་རྩ་གནད་》ཞིབ་འཇུག་བྱས་ནས་བཟོས་པ་དང་། རྒྱལ་སའི་ལུས་རྩལ་སློབ་གླིང་གཞི་བརྟེན་དུ་བྱས་ནས་གངས་འཁྱགས་ལུས་རྩལ་གྱི་ཆེད་ལས་མང་དུ་བཏང་བ་དང་། གངས་འཁྱགས་ལུས་རྩལ་ཆེད་ལས་ཤེས་ལྡན་པ་གསོ་སྦྱོང་མགྱོགས་པོ་བྱེད་པ། གངས་འཁྱགས་ལུས་རྩལ་གྱི་རྐང་འཛིན་དགེ་རྒན་ཁག་གཅིག་མགྱོགས་མྱུར་གསོ་སྐྱོང་བཅས་བྱས་པ་རེད། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཕྱི་རྒྱལ་གྱི་རིག་འདྲེན”འཆར་གཞི་ལག་བསྟར་བྱས་ཏེ་ཕྱི་རྒྱལ་ནས་ཕུལ་བྱུང་གི་གངས་འཁྱགས་ལུས་རྩལ་དགེ་རྒན་ནམ་ཡང་ན་རྩལ་འཁྲིད་པ་གདན་དྲངས་པ་དཔེར་ན། ཧྥིན་ལན་རུ་ཁག་བང་སྒྲིག་འཁྱགས་ཤུད་སློབ་གླིང་གི་རིགས་གཅིག་མཁས་ཅན་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་རུ་ཁག་གི་བང་སྒྲིག་འཁྱགས་ཤུད་ཀྱི་རྣམ་གྲངས་ནང་ཞུགས་རྒྱུའི་གདན་དྲངས་པ་ལྟ་བུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་འགོ་བཙུགས་ཏེ་པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས་སློབ་གྲྭ་འབྲིང་ཆུང་ཁག་ཏུ“གངས་འཁྱགས་སློབ་ཚན་སློབ་གྲྭར་སྤེལ”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་ཁྱབ་གདལ་བཏང་བ་དང་ཆབས་ཅིག་སློབ་གྲྭའི་དབར་འཁྱགས་འདྲེད་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་དང་། འཁྱགས་ཤུད་འགྲན་བསྡུར། གར་སྟབས་འཁྱགས་ཤུད་འགྲན་བསྡུར་སོགས་ཆུ་ཚད་མཐོ་བའི་འགྲན་བསྡུར་སྤེལ་ནས་གངས་འཁྱགས་ལུས་རྩལ་དེ་བས་མང་བ་སློབ་གྲྭ་འབྲིང་ཆུང་དུ་སྤེལ་ཡོད་པ་རེད།
         མིག་སྔར། པེ་ཅིང་གྲོང་ཁྱེར་གྱི་སློབ་གྲྭའི་གངས་འཁྱགས་ལུས་རྩལ་ཁྱབ་གདལ་གཏོང་བའི་བྱེད་སྒོ་དང་དེ་བཞིན་གངས་འཁྱགས་ཉམས་ལེན་གྱི་སློབ་ཚན་མང་པོ་ཞིག་ཆུས་16གི་སློབ་གྲྭ་བརྒྱ་ཙམ་ལ་སྤེལ་བས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་10ལྷག་ཙམ་ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།