འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དཔལ་འབྱོར་གྲངས་གནས་གཉིས་ལོ་25རྒྱུན་མཐུད་འཕར་བ་དང་ལོ་5ཡི་རིང་དབུལ་པོ་
    མི་ཁྲི་53ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་བཏང་བ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་34ཟིན་པའི་བོད་ལྗོངས་ལྷུན་རྩེ་རྫོང་རྩ་རི་ཤང་ཆོས་ཟམ་གྲོང་ཚོ་ནས་ཡུལ་སྨད་གྲོང་ཚོ་བར་གྱི་སྣུམ་ནག་གཞུང་ལམ་གྱི་འཛུགས་སྐྲུན་ལམ་ངོས་སུ་ཨར་འདམ་འདིང་བའི་དུས་མཚམས་སུ་སླེབས་ཤིང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི“མཐའ་མཚམས་ཀྱི་ཁེར་ཆགས་གླིང་ཕྲན”ཡུལ་སྨད་འདི་ཉིད་བོད་ཀྱི་མ་ལམ་གཙོ་བོ་དང་སྦྲེལ་མཐུད་ཐུབ་རྒྱུ་རེད། “ད་ཆ་ཡུལ་སྨད་དང་མེས་རྒྱལ་དབར་གྱི་བར་ཐག་ཇེ་ཉེར་སོང་བ་དང་ང་ཚོའི་སེམས་ཏང་ཀྲུང་དབྱང་དང་དེ་བས་ཉེ་བར་བཅར་སོང”ཞེས་ན་ནིང་ཟླ་10པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལག་འབྱོར་བྱུང་བའི་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།
         2017ལོར། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་མང་པོ་ཞིག་གི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ལྷག་དོན་དུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྟུད་མར་ལོ་25དང་ཞིང་འབྲོག་པའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བསྟུད་མར་ལོ་15གྲངས་གནས་གཉིས་འཕར་ནས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ་རེད།
         ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་ཤོས་དང་མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་ལོ་5ཡིན་པ།
         “བོད་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཚང་མ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུངས།
         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བཏོན་གནང་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”སྒོར་དུང་ཕྱུར་3305དང“ལོ་ལྔ་ཚན་བཅུ་གསུམ་པར”སྒོར་དུང་ཕྱུར་6576ཟིན་པའི་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པ་རེད། 2017ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཆེ་ཡང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱེད་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་ཆེད་མངགས་འཕྲིན་ལན་སྤྲིངས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཁམས་བདེའི་འཚོ་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། དམག་དམངས་ཀྱི་མཐའ་བརྟན་མཐའ་སྲུང་བཅས་ཀྱི་ཐད་རེ་བ་ཆེན་པོ་བཅོལ་བ་དང་མངགས་ཟབ་མོ་གནང་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་ལོ་5དང་མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་ཀྱི་ལོ་5ཡིན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེ་ཤོས་ཕྱིན་པའི་ལོ་5ཡང་ཡིན།
        བསྡོམས་རྩིས་ལས་མངོན་པར། 2017ལོར་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། དེའི་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་10%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་23.9%འཕར་བ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་25.6%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་30671དང་སྒོར་10330ཟིན་ནས་10.3%དང་13.6%སོ་སོར་འཕར་བ་བཅས་རེད།
         འཕེལ་རྒྱས་མྱུར་པོ་ལས་དམངས་ལ་ཕན་པ་མགྱོགས་པོ་ཐོབ་པ་བྱས་པས་ལོ་ལྔའི་ནང་མི་འབོར་དབུལ་པོ་ཁྲི་53ཉུང་དུ་ཕྱིན་པ།
         “བདེ་སྐྱིད་ཀྱི་འཚོ་བ་ནི་གནམ་ནས་ཟགས་པ་ཞིག་མིན་པར་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན”ཞེས་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཆུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བརྗོད།
         ཆུང་གླིང་གྲོང་ཚོར་འབྱོར་སྐབས་གྲོང་ཚོའི་ནང་ཆུ་ཕྲན་དྭངས་ཤིང་གཙང་བ་དང་། གྲོང་ཚོའི་ཕྱིར་ནགས་ཚལ་སྔོ་ཐིང་ངེར་གནས་པ། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་ཚོ་དེས་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་དེ་དག་ནང་ཁ་གཏད་བོད་སྐྱོར་ཞིང་ཆེན་གྱི་རོགས་སྐྱོར་འོག་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བར་ན་ནིང་གྲོང་ཚོ་དེ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་12846བྱུང་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཡི་ནང་ནས་དུད་ཚང་9བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད།
         འཕེལ་རྒྱས་མྱུར་པོ་ལས་དམངས་ལ་ཕན་པ་མགྱོགས་པོ་ཐོབ་ཡོད། ལོ་ལྟར་བོད་ཀྱི་ནོར་སྲིད་གཏོང་སྒོའི་ཁྲོད་ཀྱི་70%ཡན་དམངས་འཚོར་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་འབོར་ཆེན་ཞིག་བསྒྲུབས་ཏེ་ཏང་གི་ཐུགས་ཁུར་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཡོད།
         བསྡོམས་རྩིས་ལས་མངོན་གསལ། ལོ་ལྔའི་རིང་བོད་ཀྱི་མི་འབོར་དབུལ་པོ་ཁྲི་86ནས་2017ལོའི་ལོ་མཇུག་གི་མི་ཁྲི་33བར་ཉུང་དུ་ཕྱིན་ཡོད་པས་དབུལ་པོ་མི་ཁྲི་53ཉུང་དུ་ཕྱིན་པ་དང་། དབུལ་པོར་འགྱུར་ཚད་32.33%ནས་12.4%བར་ཆག་ཡོད། 2017ལོ་ཁོ་ནར་བོད་ཀྱི་ཞིང་འབྲོག་པ་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%ཟིན་པ་དང་། དབུལ་པོ་མི་ཁྲི་14ལྷག་ཙམ་ཉུང་དུ་ཕྱིན་པ། གྲོང་ཚོ་ཨུ་ལྷན་དང་གྲོང་མི་ཨུ་ལྷན་1705དབུལ་སྒྲོལ་ཐུབ་པ། རྫོང་དང་ཆུས་25དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་ཡོད།
         ཕུགས་ལ་དམིགས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
         “མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་འབུལ་བ་ཞིག་ཡིན”ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། རང་འགུལ་ངང་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། སྦགས་བཙོག་འགོག་བཅོས། འགྱེད་འཕྲོའི་ཁོར་ཡུག་དོ་དམ་སོགས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་ཁོར་ཡུག་སྤུས་ཚད་སྤྱིར་ལེགས་པོ་ཡོང་རྒྱུ་འགན་ལེན་བྱས་ཡོད།
         བོད་འདི་ཉིད་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་61བསྐྲུན་པར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41ལྷག་ཙམ་ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་10ཡོད་པ་དེའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཙོད་དང་། འབྲོང་། ཁྲུང་ཁྲུང་མཇིང་ནག་སྐེ་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་བོད་དུ་ཡོད་པའི་དམིགས་བསལ་གྱི་སྐྱེ་དངོས་རིགས་ཁག་1200ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
         སྲུང་སྐྱོང་བྱེད་པ་ནི་དེ་བས་ཕུགས་རྒྱང་རིང་བའི་འཕེལ་རྒྱས་ཆེད་ཡིན། ལོ་དེ་དག་རིང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པ་མང་ཚོགས་ནགས་བཟོ་སྔོ་འགྱུར་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་པ་དང་ཞིང་འབྲོག་པའི་ཡོང་འབབ་ཧུར་ཐག་འཕར་བ་བྱས་ནས་ལོ་ལྟར་རྒྱལ་ཁབ་ས་ཆ་སྔོ་འགྱུར་ནང་ཞིང་འབྲོག་པ་ཁྲི་10ཡན་ཐད་ཀར་ཞུགས་སུ་བཅུག་པས་མི་རེར་ཆ་སྙོམས་ལོར་ཡོང་འབབ་སྒོར་3000ཡན་བྱུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།