འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་མིའི་འཁྲིས་ཀྱི་དོན་དག་ནས་སྒྲོག་འགྲེལ་བྱེད་པ། 

    —— བོད་རིགས་ལས་བྱེད་པ་ཡེ་ཤེས་གཡང་འཛོམས་ཀྱིས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱས་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “དཔོན་ངན་ནི་སྟག་དང་སྦྲང་མ་ལྟ་བུ་ཡིན་ལ། ཀྲུང་དབྱང་གིས་སེམས་ཐག་གཙང་བཅད་ཀྱིས་སྟག་སྦྲང་མཉམ་རྡུང་བྱས་ནས། མི་སེར་ལ་གནོད་འཚེ་མི་ཕོག་པ་བྱ་རྒྱུ་རེད”
         “ང་ཚོས་ནས་འདེབས་དགོས་པ་མ་ཟད་ད་དུང་རྒུན་འབྲུམ་ཡང་གཞི་ཁྱོན་ཆེན་པོ་འདེབས་དགོས། ང་ཚོས་ཀྲུང་དབྱང་གི་བླང་བྱ་ལྟར་གྲོང་གསེབ་དར་རྒྱས་ལམ་བུར་སྐྱོད”
         ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འཇོལ་རྫོང་ཕུ་ཧྲང་ཤང་ལྷང་བ་གྲོང་ཚོའི་ཐང་ཆེན་ཆུང་ངུར་ལོ་51ལ་སླེབས་པའི་བོད་རིགས་བུད་མེད་ཡེ་ཤེས་ཀྱི་ཡིད་དབང་མིང་ལ་ཡེ་ཤེས་ཞེས་འབོད་པའི་བུད་མེད་གཞན་པ་ཞིག་གིས་བཀུག་ཅིང་། རྒྱུ་མཚན་ནི་ཡེ་ཤེས་ཟེར་བའི་བུད་མེད་གཞན་པ་དེས་བོད་སྐད་ཀྱི་ལམ་ནས་སྒྲོག་འགྲེལ་བྱས་པའི“ཏང་གི་ཚོགས་ཆེན་བཅུ་དགུ་པ”དང་། “དུས་རབས་གསར་པ” “རྒྱལ་ཡོངས་ཚོགས་འདུ་གཉིས”སོགས་ཀྱི་ཐ་སྙད་རེ་རེ་བཞིན་ཁོང་གི་ཡིད་ཀྱི་གསོས་སུ་སྨིན་པས་རེད།
         གྲོང་མི་ཡེ་ཤེས་ཆོས་སྒྲོན་གྱིས་སྐྱེས་ནས་ཟླ་གསུམ་ལྷག་ཙམ་ལས་ཕྱིན་མེད་པའི་ཚ་མོ་རྒྱབ་ལ་འཁུར་ནས་གྲོང་མི་བཅུ་ཕྲག་ཁ་ཤས་དང་མཉམ་དུ“འཇོན་ཐང་ཅན”དེས་སྒྲོག་འགྲེལ་བྱས་པར་ཉན་བཞིན་འདུག
         སྒྲོག་འགྲེལ་པ“འཇོན་ཐང་ཅན”དེའི་མིང་ལ་ཡེ་ཤེས་གཡང་འཛོམས་ཟེར་ཞིང་གཟུགས་པོ་དེ་འདྲའི་རིང་པོ་མེད་ལ། གདོང་དཀར་ཞིང་དམར་མདངས་རྒྱས། ཁོང་གིས་དེ་སྔོན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་མྱོང་ལ། ད་ཆ་འཇོལ་རྫོང་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡིན་པ་རེད། འདི་ལོར་ཀྲོའུ་ཡོངས་ཀྱི་ལས་བྱེད་པ་ཆིག་སྟོང་གཞི་རིམ་དུ་བསྐྱོད་དེ་དབུལ་སྒྲོལ་ལ་སྐུལ་འདེད་དང་བརྟན་ལྷིང་འགན་ལེན་བྱེད་པའི་ལས་དོན་ཁྲོད་ཁོང་ཕུ་ཧྲང་ཤང་དུ་མངགས་ཡོད་པ་རེད།
         གྲོང་ཚོའི་ནང་དུ་སྒྲོག་འགྲེལ་བྱེད་པར་རྟག་ཏུ་བོད་སྐད་བཤད་དགོས་པ་མ་ཟད་ད་དུང་ཉན་མཁན་རྣམས་དང་མཉམ་འགུལ་ཡང་བྱེད་དགོས་ཀྱི་ཡོད།
         ཉིན་གུང་ཡོལ་རྗེས་ཉི་འོད་ལྷག་པར་འཚེར་ཞིང་། ཚོགས་ར་ཐབས་ཆག་ཅིག་ལས་མེད་ཀྱང་ཧ་ཅང་རྔམ་བརྗིད་ལྡན་པ་ཞིག་ཡོད། སྔ་ས་ནས་ཡོང་བའི་གྲོང་མི་ཚོས་རྐུབ་སྟེགས་རིང་པོ་བཅུ་གྲངས་ཁ་ཤས་སྟར་པར་བསྒྲིགས་ཤིང་གྱང་རྩར་སྒྲོག་ཙེ་གཉིས་བསྒྲིགས་ནས་འཆད་ཁྲིད་སྟེགས་བུ་བྱས་པ་རེད། གྱང་ངོས་སུ“ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ”ཞེས་པའི་སྦྱར་ཚིག་མངོན་གསལ་དོད་པོ་ཞིག་བཀལ་བའི་འགྲམ་དུ་ཏང་དར་དམར་པོ་ཞིག་རླུང་གི་རྒྱུ་བ་དང་བསྟུན་ནས་ལྷབ་ལྷུབ་ཏུ་སྐྱོད་བཞིན་འདུག
         “སྔོན་ཆད་ལྟོ་གོས་འབེལ་པོ་མེད། རིན་ཐང་ཆེ་བའི་ལོ་ཏོག་རིགས་ཀྱང་སྐྱེས་ཀྱི་མེད། ད་ཆ་སྲིད་གཞུང་གིས་ཨར་འདམ་ལམ་བཟོས་ནས་ཚང་མ་སྡོད་ཁང་ཆེན་པོའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་རྒུན་འབྲུམ་སོགས་འདེབས་ཐུབ་ཀྱི་ཡོད་པས། ཚང་མས་བཤད་ན་ད་ཆའི་འཚོ་བ་ཡག་པོ་འདུག་གམ”
         ཡེ་ཤེས་གཡང་འཛོམས་ཀྱིས“འདི་གར་ས་རྒྱུ་ཞན་སྟབས། ཤིང་སྐྱེ་ཁག་པོ་ཡོད། ང་ཚོས་རྒྱལ་ཁབ་དང་མི་རབས་རྗེས་མའི་ཆེད་དུ་རི་སྔོ་ཆུ་དྭངས་ཡག་པོ་བསྲུངས་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས”ཞེས་བཤད།
         ཡེ་ཤེས་གཡང་འཛོམས་ཀྱིས་གནས་ལུགས་ཡོད་པའི་སྐད་ཆ་མང་པོ་ཤོད་སྐབས་ཚང་མས་བློ་ཡིད་ཚིམ་པའི་རྣམ་འགྱུར་དང་བཅས་མགོ་ལྕོག་ལྕོག་ངང་ཉན་གྱི་འདུག
         ཡེ་ཤེས་ཆོས་སྒྲོན་གྱི་བསམ་པར་དྲིལ་བསྒྲགས་པུའུ་ཀྲང་འདི་ནི་དངོས་གནས་འཇོན་པོ་ཡོད་དེ། རྟོགས་དཀའ་བའི་གནས་ལུགས་ཟབ་མོ་དག་ཚང་མས་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས་སྟབས་བདེའི་ངང་ཤོད་ཐུབ།
         ལྷང་བ་གྲོང་ཚོ་སྐམ་ཤས་ཆེ་བའི་རོང་ཁུལ་དུ་ཆགས་པས། དེ་གར་རྩི་ཤིང་དཀོན་ལ་བྲག་རི་གཡང་གཟར་མང་བ་དང་ས་རྒྱུ་ཡང་ཞན་པའི་ས་མ་འབྲོག་ཁུལ་ཞིག་རེད། ཏང་གི་སྲིད་ཇུས་བཟང་པོའི་དཔྱིད་ཀྱི་དྲོད་རླུང་འོག་རྫ་ཆུའི་ངོགས་ཀྱི་བོད་རིགས་ཀྱི་གྲོང་ཚོ་དེར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ནས། ད་ཆ་གྲོང་ཚོའི་ནང་ཉི་ནུས་ལམ་སྒྲོན་ཡང་སྒྲིག་སྦྱོར་བྱས་ཡོད། ན་ནིང་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ཁྲི་1.9ལྷག་ཙམ་ཟིན་ཡོད་པ་རེད།
         ཡེ་ཤེས་ཆོས་སྒྲོན་གྱིས་མུའུ་4.3ལ་རྒུན་འབྲུམ་བཏབ་པ་དང་བུ་དང་མནའ་མས་རྫོང་གྲོང་དུ་ཟ་ཁང་གཉེར་བས། ནང་མིའི་ལོའི་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་ཟིན་གྱི་ཡོད། “ལྟོས་དང་། དེ་རིང་ངས་གྱོན་པའི་བོད་ཆས་ལེགས་པོ་འདི་འདྲ་སྔོན་མ་ལོ་གསར་གཏོང་སྐབས་མ་གཏོགས་གྱོན་རྒྱུ་མེད”ཅེས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་།
         ཡེ་ཤེས་གཡང་འཛོམས་གྲོང་ཚོའི་གནས་ཚུལ་ལ་རྒྱུས་མངའ་ཆེན་པོ་ཡོད་ཅིང་། དགོངས་དོན་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་ནི་གྲོང་ཚོའི་ནང་གི་བྱ་བ་ཤོད་པ་ལྟར་ཡིན་སྟབས། སྒྲོག་འགྲེལ་རྫོགས་ཟིན་ཡང་གྲོང་མི་ཚོས་ཉན་འདོད་ཀྱི་བློ་དྲག་པོ་འཆར་ཏེ་མང་ཙམ་ཤོད་དགོས་པའི་རེ་བ་ཡང་ཡང་འདོན་གྱི་ཡོད།
         “སེམས་ཁྲལ་མ་བྱེད། ང་རྗེས་མ་ཡོང་གི་ཡིན”ཞེས་ཡེ་ཤེས་གཡང་འཛོམས་ཀྱིས་དགའ་སྤྲོའི་ངང་ལན་བཏབ། ད་དུང་ཁོང་རི་གྲོང་ཆུང་ངུ་ཁག་གཅིག་ལ་སྒྲོག་འགྲེལ་བྱེད་པར་འགྲོ་དགོས་སྟབས། ཀུན་གྱི་བསུ་སྐྱེལ་ཁྲོད་ཡེ་ཤེས་གཡང་འཛོམས་གྲོང་ཚོ་ནས་ཁ་གྱེས།
      

    ཕྱོགས་བསྡུས་གསར་འགྱུར།