འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྥེའི་མཉམ་ལས་གཉིས་ཁེ་གཉིས་ཕན་ཡིན་ཕྱིར་མཚན་ཤས་བཟོ་བ་ཚང་མ་མ་རྒོལ་རང་ཐོར་དུ་འགྲོ་ངེས་ཡིན། 

    —— ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པོར་ཆེད་མངགས་བཅར་འདྲི་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་03ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་ན་ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་ཕྱིན་པ་དེས་ཕྱི་ཕྱོགས་ལ་ཀྲུང་ཧྥེའི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་ཞིག་ཡིན་ཞིང་། ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱས་པར་གང་བྱུང་དུ་སྐྱོན་བརྗོད་དམ་ཡང་ན་ཀྲུང་ཧྥེའི་མཉམ་ལས་ལ་མཚན་ཤས་བཟོ་བ་གང་རུང་མ་རྒོལ་རང་ཐོར་དུ་འགྲོ་ངེས་པའི་ར་སྤྲོད་ནུས་ལྡན་བྱས་ཡོད་ཅེས་གསུངས།
         རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པོས་ཟླ་3ཚེས་28ཉིན་ནས་ཟླ་4ཚེས་3ཉིན་བར། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཞིང་། འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མགྲིན་གཅིག་ཏུ་ཀྲུང་ནའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད་གནང་བ་རེད།
         “ང་ཚོས་ཕྱོགས་གཉིས་པོའི་འབྲེལ་བ་ལེགས་སུ་ཕྱིན་པར་སྤོབས་པ་སྐྱེ་ཡི་འདུག”ཅེས་ཀེན་ཀོ་པོས་གསུངས་ཤིང་། ཁོང་གིས་ཀྲུང་གོ་ནི་སྔར་ནས་ད་བར་ན་སྨི་པི་ཡའི་གྲོགས་པོ་བློས་ཐུབ་དེ་ཡིན། ཕྱོགས་གཉིས་པོའི་འབྲེལ་བ་ཟབ་ཏུ་ཕྱིན་པ་ལས་མཉམ་ལས་དེ་ཉིད་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ལ། ཀྲུང་ཧྥེའི་མཉམ་ལས་ལ་མཚན་ཤས་བཟོ་མཁན་དག་གི་ངོ་གདོང་ལ་འགྲམ་ལྕགས་ཕོག་པ་དང་མཚུངས་ཞེས་གསུངས།
         “ཀྲུང་གོས་སྔར་ནས་བཟུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གང་རུང་ཞིག་ཏུ་མི་སེར་སྤེལ་མེད་ལ། ཨ་ཧྥེ་རི་ཁའི་མི་དམངས་རྣམས་ཀྱང་སྤྱི་དམངས་ཞན་གྲས་སུ་བརྩི་ཡི་མེད”ཅེས་ཀེན་ཀོ་པོས་གསུངས་པ་དང་། ཁོང་གིས“མི་སེར་སྤེལ་བའི་རིང་ལུགས་གསར་པ”ཟེར་བའི་ནུབ་ཕྱོགས་ཀྱི་བརྗོད་ཚུལ་ཁག་གཅིག་དོན་དངོས་དང་མི་མཐུན་པ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་ནི་དཔེ་མཚོན་ཡག་ཤོས་ཤིག་ཡིན་པའི་ངོས་འཛིན་གནང་བ་རེད།
         2015ལོའི་ཟླ་12པར། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སེ་པའོ་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་འཚོགས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་མཉམ་ལས་ཀྱི“ཀ་རྟེན་ཆེན་པོ་ལྔ”དང“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”བཏོན་ཡོད། ཀེན་ཀོ་པོས་ཀྲུང་གོ་ཕྱོགས་ཀྱི་རོགས་རམ་འོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་དང་། པོ་ཚི་ཝ་ན་དང་ཙན་པི་ཡ་སོགས་ཨ་ཧྥེ་རི་ཁའི་སྐམ་སའི་ཁུལ་གྱི་རྒྱལ་ཁབ་མི་ཉུང་བ་ཞིག་ལ་མཚོར་བགྲོད་གྲུ་ཁ་བྱུང་བས་ཨ་ཧྥེ་རི་ཁའི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་ཅེས་གསུངས།
         “ཁྱེད་རང་ཨ་ཧྥེ་རི་ཁའི་ས་ཆར་ཕེབས་སྐབས། ཀྲུང་གོའི་ཀུང་སིའི་མ་འཇོག་རྣམ་གྲངས་མང་པོ་ཞིག་མཐོང་ཐུབ། ཁོང་ཚོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཞུང་ལམ་དང་། ལྕགས་ལམ། གནམ་ཐང་། གྲུ་ཁ་བཅས་བསྐྲུན་རོགས་བྱས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁར་བཟོ་ལས་གླིང་བསྐྲུན་ནས་ལག་རྩལ་བསླབས་པ་དང་ཡུལ་དེ་གར་ལས་གནས་བཏོད་དེ་ཡུལ་དེ་རང་གི་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བས་རྒྱལ་ཁབ་འདི་ལྟ་བུར་དགའ་བསུ་མི་ཞུ་བའི་རྒྱུ་མཚན་གང་ཡོད་དམ”ཞེས་གསུངས།
         ཀེན་ཀོ་པོས་ད་དུང་ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱས་པར་ཟུར་སྣོན་ཆ་རྐྱེན་གང་ཡང་བཏོན་མེད། གཞི་འཛིན་ས་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་ངོས་ཀྱི་དགོས་མཁོ་རེད། ཕྱོགས་གཉིས་པོའི་མཉམ་ལས་འདྲ་མཉམ་ཡིན་པ་ལས་རྟེན་བྱ་རྟེན་བྱེད་ཀྱི་འབྲེལ་བ་གང་ཡང་མེད། “ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་རྐྱ་འཕེར་ཟིན་པས་རང་ཉིད་ཀྱི་རེ་བ་ལྟར་མཉམ་ལས་རོགས་ཟླ་དང་རང་ངོས་ཀྱི་འཕེལ་རྒྱས་ལ་ཕན་པའི་མཉམ་ལས་གདམ་ག་བྱེད་ཆོག”ཅེས་གསུངས།
         “མ་གཞི་ན་སྨི་པི་ཡ་རྒྱལ་ཁབ་ཆུང་ངུ་ཞིག་ཡིན་ནའང་། ཀྲུང་གོའི་འགོ་ཁྲིད་མི་སྣས་རྟག་ཏུ་རྒྱལ་ཁབ་ལ་ཆེ་ཆུང་མི་དབྱེ་བ་དང་ཚང་མ་འདྲ་མཉམ་ཡིན་ལུགས་གསུངས་ཀྱི་འདུག ང་ཚོ་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད་ལ། ང་ཚོའི་མཉམ་ལས་ཀྱང་གཉིས་ཁེ་གཉིས་ཕན་ཡིན། ན་སྨི་པི་ཡ་ཕྱོགས་ཀྱིས‘རྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་ནང་ཞུགས་ནས་མི་ཤུགས་ཐོན་ཁུངས་གསོ་སྦྱོང་ལ་ཤུགས་སྣོན་གྱིས་ངེད་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་གསུངས།
         འདི་ལོའི་ཟླ་9པར་འཚོག་རྒྱུ་ཡིན་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་སྐོར་ལ་ཀེན་ཀོ་པོས་ཕྱོགས་ཁག་གིས་ཀྲུང་ཧྥེའི་མཉམ་ལས་དང་། འཛམ་གླིང་གི་དཔལ་འབྱོར། རྒྱལ་སྤྱིའི་མདོ་གནད་སོགས་ལ་བསམ་འཆར་བརྗེ་རེས་བྱས་ཏེ་བསམ་ཤེས་བྱེད་ཟབ་ཏུ་བཏང་ནས་ཨ་ཧྥེ་རི་ཁའང་དཔལ་འབྱོར་འཕར་མྱུར་བའི་མགྱོགས་འཁོར་ནང་ཞུགས་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།