འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དོན་དངོས་དང་ངོ་མཚར་མཉམ་འདྲེས་ཀྱི་འཇིག་རྟེན། 

    ཁྲེན་ཁའེ་ཤན་གྱིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དོན་དངོས་དང་ངོ་མཚར་མཉམ་འདྲེས་ཀྱི་འཇིག་རྟེན།
         མི་དམངས་དྲ་བའི་འཕྲིན། དུས་རབས་20པའི་ལོ་རབས་60པར། ལ་ཏིང་མེ་གླིང་གི་རྩོམ་རིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་ལས་ལ་ཏིང་མེ་གླིང་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀློག་པ་པོའི་མཐོང་འཆོས་སུ་གྱུར་ཡོད། ལོ་རབས་80པར་སླེབས་སྐབས་པོར་ཧེ་སི་དང་། ཁ་ཞི་ཡ·མར་ཁེ་སི། པར་ཁ་སི·ལུའེ་ས། ཁ་ལོ་སི་·ཧྥུའུ་ཨེན་ཐེ་སི་སོགས་ལ་ཏིང་མེ་གླིང་གི་རྩོམ་པ་པོ་མང་ཆེ་བའི་བརྩམས་ཆོས་སྔ་རྗེས་སུ་རྒྱ་ཡིག་ལ་བསྒྱུར་ནས་དཔེ་སྐྲུན་བྱས་ཡོད། ངོ་མཚར་རྣམ་པར་བཀྲ་བའི་བརྩམས་ཆོས་དེ་དག་གིས་ཀྲུང་གོའི་ཀློག་པ་པོ་ཚོར་མཐོང་ཐོས་གསར་པ་བྱུང་བ་མ་ཟད། མོ་ཡན་དང་། སུའུ་ཐུང་། ཝང་ཧྲོ་སོགས་ཀྲུང་གོའི་རྩོམ་པ་པོ་མང་ཆེ་བའི་རྩོམ་རིག་གསར་རྩོམ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
         “ངའི་མི་ཚེའི་དུས་མཚམས་དང་པོ་1973ལོའི་ཟླ་9ཚེས་11ཉིན་མཇུག་འགྲིལ་སོང”
         ལ་ཏིང་མེ་གླིང་གི་རྩོམ་རིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་རྗེས་ལོ་རབས་80པར་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པའི་ལ་ཏིང་མེ་གླིང་གི་རྩོམ་པ་པོ་ཁག་གཅིག་ལ་ཀྲུང་གོའི་ཀློག་པ་པོས་ཧ་ཅང་དགའ་པོ་བྱེད་ཅིང་། ཆི་ལིའི་བུད་མེད་རྩོམ་པ་པོ་དབྱི་ཧྲ་པེར·ཨ་ལེན་ཏེ་ནི་དེའི་ནང་གི་ཕུལ་བྱུང་མཚོན་བྱེད་ཅིག་རེད། ཁོང་རྩོམ་རིག་ལས་ལ་གཞོལ་རྗེས་གསར་རྩོམ་བྱས་པའི་ངོ་མཚར་དང་དོན་དངོས་ཕན་ཚུན་གཅིག་རྟེན་གཅིག་མཚོན་བྱས་པའི་《རྣམ་ཤེས་ཀྱི་ཁྱིམ་གཞིས་》དང་། 《བརྩེ་དུང་དང་གྲིབ་གཟུགས་》《དབྱི་ཝ·ལུའུ་ན་》སོགས་ནི་རྩོམ་རིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་རྗེས་ལ་ཏིང་མེ་གླིང་རྩོམ་རིག་ལ་མུ་མཐུད་གཟི་མདངས་འཕྲོ་བའི་མཚོན་བྱེད་དུ་བརྩི་གི་ཡོད།
         1942ལོར། དབྱི་ཧྲ་པེར·ཨ་ལེན་ཏེ་ཕེ་རུའི་རྒྱལ་ས་ལི་མར་འཁྲུངས་ཤིང་། ཁོང་གི་ཕ་ཐོ་མ་སི·ཨ་ལེན་ཏེ་སྐབས་དེ་དུས་ཕེ་རུར་བཅའ་སྡོད་ཆི་ལིའི་ཕྱི་འབྲེལ་དཔོན་གྱི་འགན་འཁུར་མུས་ཡིན་པ་དང་། ཕྱིས་སུ་ཆི་ལིའི་མི་དམངས་ཀྱིས་བདམས་པའི་ཙུང་ཐུང་སའར་ཝ་ཏོ·ཨ་ལེན་ཏེའི་ཕ་རྒྱུད་གཅུང་པོ་ཡིན་པ་རེད། 1945ལོར་ཁོང་གི་ཕ་མ་བཟའ་ཚང་ཁ་བྲལ་རྗེས་ཨ་མས་ཕྲུ་གུ་གསུམ་འཁྲིད་དེ་ཆི་ལིའི་ཧྲེང་ཏེ་ཡ་ཀོར་ཡོད་པའི་ཡང་སྤོའི་ཁྱིམ་དུ་འཚོ་བ་བསྐྱལ་ནས་བསྡད། 1953ལོར་དབྱི་ཧྲ་པེར་གྱི་ཨ་མས་ཆེད་ལས་ཕྱི་འབྲེལ་དཔོན་ལ་མོང·ཝུའུ་དབྱི་ཏོ་པུའུ་ལོ་དང་གཉེན་སྒྲིག་བྱས་པ་དང་། ཁོང་གིས་སྔ་རྗེས་སུ་ཕ་མ་དང་མཉམ་དུ་པོ་ལི་ཝེ་ཡ་དང་ལི་པ་ནོན་དུ་བསྐྱོད། 1958ལོར་རྒྱལ་ནང་དུ་ལོག་རྗེས་ཁོང་ལ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་སློབ་མ་སྨི་ཀེར·ཧྥུ་ལི་ཡ་སི་ངོ་ཤེས་ནས་བཟའ་ཟླར་གྱུར།
         1973ལོའི་ཟླ་9ཚེས་11ཉིན་གྱི་གཟའ་མིག་དམར་ལ་ཆི་ལིའི་སྐམ་དམག་གི་དམག་དཔོན་ཕི་ནུའོ་ཐེས་དམག་དོན་སྲིད་འགྱུར་བྱས་ནས་སྤྱི་ཚོགས་ཏང་གི་མི་སྣ་སར་ཝ་ཏོ·ཨ་ལེན་ཏེས་འགོ་ཁྲིད་པའི་དམངས་འདེམས་སྲིད་གཞུང་མགོ་རྟིང་སློག་སྟེ་དུས་ཡུན་ལོ་17རིང་གི་དམག་དོན་སྒེར་གཅོད་དབང་སྒྱུར་བྱེད་འགོ་ཚུགས། ད་ཐེངས་ཀྱི་སྲིད་འགྱུར་ལས་དབྱི་ཧྲ་པེར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། གཉེན་ཉེ་མང་པོ་ཞིག་བཙོན་དུ་ཚུད་པ་དང་ཁོང་རང་ཉིད་ཀྱང་ཕྱི་རྒྱལ་དུ་ཡུལ་གྱར་ལ་མི་འགྲོ་ཀ་མེད་བྱུང་། བཟའ་ཟླ་དང་ཕྲུ་གུ་གཉིས་འཁྲིད་དེ་ཝེ་ནེ་ཙུའེ་ལར་འབྱོར་སྐབས་དབྱི་ཧྲ་པེར་གྱིས་ཁྱིམ་གྱི་མེ་ཏོག་ལྡུམ་རའི་ས་ཕྲན་བུ་འཁྱེར་ཡོད། ཁོང་གིས“ངའི་མི་ཚེའི་དུས་མཚམས་དང་པོ་1973ལོའི་ཟླ་9ཚེས་11ཉིན་མཇུག་འགྲིལ་སོང”ཞེས་གསུངས་ཀྱི་ཡོད། དུས་དེ་ནས་བཟུང་ཁོང་རྩོམ་རིག་གསར་རྩོམ་གྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པ་དང་། མཐར་འཛམ་གླིང་གི་རྩོམ་རིག་ལས་རིགས་སུ་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་བུད་མེད་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད།
         1990ལོར། དམངས་ཀྱིས་བདམས་པའི་ཙུང་ཐུང་ཕ་ཐེ་ལི་ཤིས་ཨའོ·ཨེར་ཝུན་གྱིས་སྲིད་སྐྱོང་འགོ་ཚུགས། ཕ་ཡུལ་དང་གྱེས་ནས་ལོ་15སོང་རྗེས་དབྱི་ཧྲ་པེར་ཆི་ལིར་ལོག་པ་དང་ཨེར་ཝུན་གྱི་ལག་ནས་ཅ་པུའུ་ལེ་ལ·སྨི་སི་ཐེ་ལར་གྱི་རྩོམ་རིག་བྱ་དགའ་ཡང་བླངས་ཡོད། ཕྱིས་ཀྱི་ལོ་ཟླའི་ནང་ཁོང་ལ་ཆི་ལིའི་རྒྱལ་ཁབ་རྩོམ་རིག་བྱ་དགའ་དང་། ཏན་མག་གི་ཨན་ཐུའུ་ཧྲེང་གི་རྩོམ་རིག་བྱ་དགའ། ཆི་ལིའི་ཧྲེང་ཏེ་ཡ་ཀོ་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པའི་མཚན་སྙན་སོགས་རག་ཡོད།
         དཔེ་སྐྲུན་ཚོང་པས་ཁོང་ལ“སྨད་གཡོགས་གྱོན་པའི་མའར་ཁེ་སི”ཞེས་འབོད་པ།
         དབྱི་ཧྲ་པེར·ཨ་ལེན་ཏེའི་གསར་རྩོམ་གྱི་མི་ཚེར་ཕྱིར་དྲན་བྱེད་སྐབས། 《རྣམ་ཤེས་ཀྱི་ཁྱིམ་གཞིས་》ནི་ཁོང་ཉིད་རྩོམ་རིག་ལས་རིགས་སུ་སྐད་གྲགས་ཆོད་པའི་བརྩམས་ཆོས་ཕུལ་བྱུང་ཞིག་རེད། 1981ལོར་དགུང་ལོ་99ལ་སོན་པའི་ཡང་སྤོ་ཡིས་ཟས་བཅད་ལ་བརྟེན་ནས་རང་སྲོག་གཅོད་རྒྱུའི་ཐག་བཅད་ཅིང་། དབྱི་ཧྲ་པེར་གྱིས་ཡང་སྤོ་ལ་འཕྲིན་ཡིག་ཧ་ཅང་རིང་པོ་ཞིག་བྲིས་པ་དེ་ནི《རྣམ་ཤེས་ཀྱི་ཁྱིམ་གཞིས》ཞེས་པ་དེ་ལགས། དེ་ནི་ཚིག་ཚོགས་ལ་བརྩེ་བས་བཅིངས་པ་གང་ཞིག་བརྒྱུད་རིམ་ཧྲིལ་པོ་བཀོད་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་། རྩོམ་པ་པོ་ཕྱི་རྒྱལ་དུ་ཡུལ་གྱར་བྱེད་རིང་རང་ཉིད་ཀྱི་ཡང་སྤོ་དང་ཡང་རྨོའི་ཁྱིམ་ཚང་བརྗོད་དོན་གཙོ་བོར་བཟུང་སྟེ་ཚིག་མཚོན་རྣོ་ལ་དགོད་བྲོ་བའི་རྣམ་པ་བརྒྱུད་དུས་རབས་གཅིག་ཙམ་རིང་གི་ཁྱིམ་ཚང་གཉིས་པོའི་དར་རྒུད་བརྗོད་པ་དེས་ཕྱོགས་གཞན་ཞིག་ནས་ལ་ཏིང་མེ་གླིང་གི་འཕོ་འགྱུར་མཚོན་ཡོད། 1982ལོར་བརྩམས་སྒྲུང་དེ་དཔེ་སྐྲུན་བྱས་ཤིང་། ལོ་དེ་རང་ལ་མའར་ཁེ་སིར་ནོར་པེའི་རྩོམ་རིག་བྱ་དགའ་རག་པ་དང་། ལ་ཏིང་མེ་གླིང་གི་རྩོམ་རིག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ནས་འཛམ་གླིང་ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་པ་མ་ཟད་ངོ་མཚར་དང་དོན་དངོས་རིང་ལུགས་དེ་ཉིད་རྩོམ་རིག་གསར་རྩོམ་ཉམས་འགྱུར་གྱི་བཀྲག་མདངས་འཚེར་ཤོས་ཤིག་ཏུ་གྱུར་ཡོད། ལ་ཏིང་མེ་གླིང་གི་རྩོམ་པ་པོའི་ཁྲོད་དུ་ཧ་ཅང་དཀོན་པའི་བུད་མེད་ཅིག་ཡིན་པའི་དབྱི་ཧྲ་པེར་གྱི་སྙན་གྲགས་གང་སར་ཆོད་པས་དཔེ་སྐྲུན་ཚོང་པ་ཁག་གཅིག་གིས་ཁོང་ལ“སྨད་གཡོགས་གྱོན་པའི་མའར་ཁེ་སི”ཞེས་འབོད་ཀྱི་ཡོད།
         དུས་རབས་21ལ་སླེབས་རྗེས་དབྱི་ཧྲ་པེར·ཨ་ལེན་ཏེའི་བརྩམས་ཆོས་ལེགས་གྲས་མུ་མཐུད་ཐོན་ཡོད། བརྩམས་སྒྲུང་《པར་རྙིང་པ་》ཞེས་པའི་ནང་《རྒྱུ་ནོར་གྱི་བུ་མོ་》དང་《རྣམ་ཤེས་ཀྱི་ཁྱིམ་གཞིས་》ཞེས་པའི་ནང་གི་མི་སྣ་སླར་ཡང་མངོན་ཡོད་པས་དེ་དག་གིས་ཇི་བཞིན་བརྗོད་པའི་མུ་འབྲེལ་རྩོམ་ཡིག་གསུམ་གྲུབ་ཡོད། བུད་མེད་རྩོམ་པ་པོའི་མུ་འབྲེལ་བརྩམས་ཆོས་གསུམ་གཞན་ཞིག་ནི“བྱ་གླག་དང་མེ་གླིང་གཟིག་གི་དྲན་ཤེས”ཞེས་པ་ཡིན་ཞིང་། དེའི་ནང་ཡ་མ་ཤུན་ནགས་ཚལ་གྱི་དོན་དངོས་དང་ངོ་མཚར་མཉམ་དུ་གནས་པའི་དབྱིན་ཏི་ཨན་གྱི་གདོད་མའི་ཚོ་ཁག་གི་ངོ་མཚར་ཆེ་བའི་གཏམ་རྒྱུད་བརྗོད་པའི་《གཅན་གཟན་གྱི་གྲོང་ཁྱེར་》ཞེས་པ་ཡོད་ལ་ཤར་ཕྱོགས་ཀྱི་ཉམས་སྣང་མངོན་པའི་ཧི་མ་ལ་ཡའི་ངོ་མཚར་ཅན་གྱི་རྒྱལ་ཁབ་《གསེར་འབྲུག་གི་འཛམ་གླིང་》ཞེས་པ་དང་དེ་བཞིན་ཨ་ཧྥེ་རི་ཁའི་ཁེན་ནི་ཡའི་ནགས་ཁྲོད་དུ་ཐོན་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་《མི་ཆུང་གི་ནགས་ཚལ་》ཞེས་པའང་ཡོད། མུ་འབྲེལ་བརྩམས་སྒྲུང་གསུམ་པོ་དེ་དག་ལས་རྩོམ་པ་པོས་རིགས་རྒྱུད་མི་འདྲ་བར་མཛེས་སྡུག་དང་ཞི་མཐུན་གྱི་སྤྱི་ཚོགས་ལྡན་ན་སྙམ་པའི་རེ་འདུན་བཟང་པོ་མཚོན་པར་བྱས་ཡོད།
    《བརྩེ་དུང་དང་གྲིབ་ནག།》
    《བརྩེ་དུང་དང་གྲིབ་ནག།》
    《ཙོའོ་ལོའོ།》
    《ཙོའོ་ལོའོ།》
    《རྣམ་ཤེས་ཀྱི་ཁྱིམ་གཞིས།》
    《རྣམ་ཤེས་ཀྱི་ཁྱིམ་གཞིས།》 
      

    ཕྱོགས་བསྡུས་གསར་འགྱུར།