འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོའི་ཆུའི་ཐབས་ཇུས་རྒྱས་བཤད་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་མཱ་ཁྲའོ་ཤུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི“རྒྱལ་སྤྱིའི་ཆུའི་བྱ་སྤྱོད་འཆར་གཞིའི”མཐོ་རིམ་བྱེད་སྒོའི་ཐོག་གཏམ་བཤད་གནང་ནས་ཀྲུང་གོའི་ཆུའི་ཐབས་ཇུས་རྒྱས་བཤད་གནང་བ་རེད།
         མཱ་ཁྲའོ་ཤུན་གྱིས་དེང་སྐབས་འཛམ་གླིང་ཐོག་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་གནད་དོན་བཅས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མིའི་རིགས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་དང་ལྷག་པར་དུ་དབུལ་པོ་དང་བཀྲེས་ལྟོགས་མེད་པ་བཟོ་རྒྱུ་དང་བདེ་ཐང་དང་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་ཆུ་ནི་གལ་འགངས་ཆེ་བ་ཞིག་རེད་ཅེས་གསུངས།
         ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བྱས་པས་མི་དང་ཆུ་ཞི་མཐུན་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་ཡོད། གཅིག་ནས་ཧ་ཅང་ནན་པའི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། གཉིས་ནས་ཆུ་སྤྱོད་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་དམངས་ཡོངས་ཀྱིས་ཆུ་གྲོན་ཆུང་བྱ་རྒྱུའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ། གསུམ་ནས་ཆུའི་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་སྣོད་བཅུད་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ་དྭངས་གཙང་ཐོན་སྐྱེད་དང་གནོད་མེད་ཅན་གྱི་ཐག་གཅོད་དང་ཆུའི་ཐོན་ཁུངས་རྒྱུན་འཁོར་ངང་སྤྱོད་རྒྱུར་སྐུལ་འདེད་བཏང་བ། བཞི་ནས་ཆུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་མགྱོགས་སུ་བཏང་ནས་ཆུ་བོ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ལེགས་སུ་བཏང་བ། ལྔ་ནས་ཆུའི་སྣོད་བཅུད་བསྐྱར་གསོའི་ལས་དོན་སྤེལ་ནས་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཆེ་རུ་བཏང་བ་དང་སྣོད་བཅུད་ཤེས་དཔལ་གྲོང་ཁྱེར་འཛུགས་སྐྱོང་དང་འགྱིག་བལ་གྲོང་ཁྱེར་བསྐྲུན་པའི་ཚོད་ལྟའི་ལས་དོན་སྤེལ་བ། དྲུག་ནས་ཆུ་བཅོས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་མཉམ་ཞུགས་ཀྱི་རྣམ་པ་གཏོད་པ་བཅས་བྱས་ཡོད་ཅེས་གསུངས།
         མཱ་ཁྲོའོ་ཤུན་གྱིས་ཀྲུང་གོས་གོ་ལ་ཧྲིལ་པོའི་ཚྭ་མེད་ཆུ་6%དང་རྨོ་ཞིང་9%ལ་བརྟེན་ནས་གོ་ལ་ཧྲིལ་པོའི་མི་འབོར་21%གི་ལྟོའི་གནད་དོན་ཐག་གཅོད་ཐུབ་ཡོད། 2010ལོ་ནས་2016ལོ་བར་ཀྲུང་གོས་རྒྱལ་ཡོངས་ཀྱི་ཨ་སྒོར་ཁྲི་ཡི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་དང་ཨ་སྒོར་ཁྲི་ཡི་བཟོ་ལས་འཕར་སྣོན་རིན་ཐང་གི་ཆུ་སྤྱོད་ཚད་ཁག་སོ་སོར་25.3%དང་27.5%ཉུང་དུ་ཕྱིན་པ་དང་ཆུ་སྤྱོད་བསྡོམས་འབོར་ཕྲན་ཙམ་འཕར་བའི་ཐོག་ནས་དཔལ་འབྱོར་འབྲིང་སྟོད་ངང་འཕར་རྒྱུ་འགན་ལེན་ཐུབ་ཡོད། དེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད། ཀྲུང་གོས་ད་དུང་རྒྱལ་སྤྱིའི་ཆུའི་རྩ་འཛུགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ཀྱི་ལས་དོན་སྤེལ་ནས་འབྲི་ཆུའི་གླེང་སྟེགས་དང་རྨ་ཆུའི་རྒྱལ་སྤྱིའི་གླེང་སྟེགས་སོགས་རྒྱལ་སྤྱིའི་ཆུ་དོན་བྱེད་སྒོ་གལ་ཆེན་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་30ལྷག་ཙམ་ལ་རོགས་རམ་བྱས་ཏེ་ཆུ་བེད་ཆུ་གློག་བསྐྲུན་པ་དང་རྒྱལ་ཁབ་100ལྷག་ཙམ་ལ་ལག་རྩལ་དང་དོ་དམ་མི་སྣ་2000ལྷག་ཙམ་གསོ་སྦྱོང་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆུ་བེད་ལག་རྩལ་མི་སྣའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་2030ལོའི་གྲོས་རིམ་དོན་འཁྱོལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དང་ཐུན་མོང་ཐོག་སྣོད་བཅུད་བདེ་འཇགས་དང་ལྗང་མདོག་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།