འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སེ་རལ་གྱིས་མ་དངུལ་ཕོན་ཆེན་བཏང་ནས་སྨན་བཅོས་ཀྱི"གྲངས་གཞིའི་མཛོད་ཆེན་པོ"བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དབྱི་སེ་རལ་སྲིད་གཞུང་གིས་ཉིན་ཤས་གོང་བདེ་ཐང་སྨན་བཅོས་ཁྱབ་ཁོངས་ཀྱི“གྲངས་གཞིའི་མཛོད་ཆེན་པོའི”རྒྱལ་ཁབ་ཀྱི་འཆར་གཞི་ཞིག་ལ་གྲོས་འཆམ་བྱུང་བ་དང་། སྔོན་དཔག་ལྟར་ན་མ་འཇོག་བསྡོམས་འབོར་ཞེ་ཁེའར་གསར་པ་སྒོར་དུང་ཕྱུར་10(ཧ་ལམ་ཨ་སྒོར་དུང་ཕྱུར་2.9ལྷག་ཡིན)གཏོང་རྩིས་ཡོད་པ་རེད།
         དབྱི་སེ་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་འཆར་གཞི་དེ་གཞིར་བཟུང་། དབྱི་སེ་རལ་གྱིས་རྒྱལ་ཡོངས་ཀྱི་གྲོང་མི་ཁྲི་900ཙམ་གྱི་བདེ་ཐང་སྨན་བཅོས་ཀྱི་ཟིན་ཐོ་གྲངས་གཞི་ཅན་དུ་འགྱུར་བའི་རྨང་གཞིའི་ཐོག་ཁྱབ་ཁོངས་དེ་གའི་རྒྱལ་ཁབ་རིམ་པའི“གྲངས་གཞིའི་མཛོད་ཆེན་པོ”བསྐྲུན་རྒྱུ་ཡིན་ཞེས་བརྗོད།
         ཉིན་དེའི་ནང་བློན་ཁང་གི་འཆར་ཅན་ཚོགས་འདུའི་ཐོག་དབྱི་སེ་རལ་གྱི་ཙུང་ལི་པེན་ཡ་མིང·ནེ་ཐ་ཉི་ཡ་ཧུའུ་ཡིས། འཆར་གཞི་འདིར“གལ་ཆེན་པོ་དང་ཚད་བརྒལ་རང་བཞིན་གྱི་ལོ་རྒྱུས་དོན་སྙིང”ལྡན་པ་དང་། གྲངས་གཞིའི་བདེ་ཐང་ཐོན་ལས་ཀྱིས་གྲངས་གཞི་ཆེན་པོ་དང་། མི་ཐབས་རིག་ནུས། མཉམ་འབྲེལ་འབྲེལ་མཐུད་བཅས་ཀྱི་ཐད་གཞི་བཙུགས་ཚེ། གོང་འཕེལ་འགྲོ་ངེས་རེད་ཅེས་བཤད།
        སྐབས་དེ་དུས། སྨན་བཅོས་འགན་བཅོལ་ཐེབས་རྩ་དང་། སྨན་ཁང་། མི་སྒེར་གྱི་སྒོ་བསྟེན་སྨན་ཁང་སོགས་གྲངས་གཞིའི་ཡོང་ཁུངས་ཚང་མར“མཉམ་འབྲེལ་འབྲེལ་མཐུད”ཐུབ་རྒྱུ་མ་ཟད། དབྱི་སེ་རལ་གྱིས་ཀྱང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་བཟོས་ནས་གྲངས་གཞི་བེད་སྤྱོད་ཀྱི་དབང་ཚད་དང་དེ་བཞིན་མི་སྒེར་གྱི་གསང་བ་སྲུང་སྐྱོབ་སོགས་གཏན་འབེབས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་དབྱི་སེ་རལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཚན་རྩལ་མཐོ་བའི་ཀུང་སི་སྔར་བས་མང་བར་ལྕག་སྐུལ་བྱས་ནས་གྲངས་གཞི་བདེ་ཐང་ཁྱབ་ཁོངས་སུ་མ་འཇོག་བྱ་རྒྱུ་དང་། ལག་རྩལ་དང་ཐོན་རྫས་ཕྱིར་གཏོང་ལ་སྐུལ་མ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་རེད།
        ཤེས་རྟོགས་བྱས་པ་ལྟར་ན། ལོ་ངོ་20ཙམ་གྱི་རིང་གྲངས་གཞི་འཚོལ་བསྡུ་བྱས་པས་དབྱི་སེ་རལ་དུ་མིག་སྔར་ཡུལ་མི་98%ཀྱི་སྨན་བཅོས་ཡིག་ཚགས་གྲངས་གཞི་ཅན་དུ་གྱུར་ཡོད། དབྱི་སེ་རལ་གྱི་ཙུང་ལིའི་གཞུང་ལས་ཁང་གི་ཀྲུའུ་རེན་ཨེ་ལི·ཀེ་ལུའོ་ན་ཡིས། སླད་ཕྱིན་སྨན་པར་རོགས་རམ་བྱས་ནས་ནད་པའི་ནད་བརྟག་གང་ལེགས་ཐུབ་ཆེད་དབྱི་སེ་རལ་གྱིས་ད་ཡོད་ཀྱི་གྲངས་གཞིའི་སྨན་བཅོས་ཀྱི་ཡིག་ཚགས་ལ་སྔར་བས་བཟང་སྒྲིག་རིམ་སྤོར་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།