འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་ཐང་ཕ་གཡུ་གྲོང་ཚོའི་འབྱོར་འབྲིང་གི་ལམ་བུ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཀྱི་བྱང་རྩྭ་ཐང་སྔར་མུས་བཞིན་གངས་འཁྱགས་ཀྱིས་བཀླུབས། ས་བབ་སྨི་4800ལྷག་ཙམ་ཡོད་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཕ་གཡུ་གྲོང་ཚོའི་དུད་ཁྱིམ་ཚང་མའི་ཐོག་ཁའི་རྒྱལ་དར་ལྷགས་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
         ནག་ཆུ་ས་ཁུལ་གནས་སའི་ནག་ཆུ་རྫོང་ནས་སྣུམ་ནག་ལམ་བརྒྱུད་དེ་རླངས་འཁོར་བསྡད་ནས་སྤྱི་ལེ་40ཙམ་བསྐྱོད་ཚེ་མཐོ་རིའི་འབྲོག་རའི་ཕ་གཡུ་གྲོང་ཚོར་འབྱོར་གྱི་ཡོད།
         ཕ་གཡུ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བུ་བདེས་འུར་འུར་དུ་ལྡང་བའི་དགུན་ལྷགས་རིམ་པ་དྲུག་བདུན་ལ་མ་འཛེམས་པར་རང་ཁྱིམ་གྱི་རྒྱལ་དར་བརྗེ་བཞིན་ཡོད།
         “ང་ཚོ‘མུ་ལྟོ་བའི་གྲོང་ཚོ’ནས‘འབྱོར་འབྲིང་གྲོང་ཚོར’འགྱུར་ལྡོག་བྱུང་བ་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་དེ་བཞིན་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་བཀའ་དྲིན་ཡིན”ཞེས་བཤད།
         དེ་དུས་གྲོང་ཚོའི་ཟུར་ཞིག་ན་ཡོད་པའི་ཉི་ཕུན་གྱི་ཁྱིམ་དུ་ལྕགས་ཐབ་བཏང་བས་ཁང་པའི་ནང་ཚ་སོབ་སོབ་ཅིག་འདུག ཉི་ཕུན་གྱིས་སྐམ་ཤ་དང་། ཁ་ཏོག ཤིང་ཏོག བཏུང་བྱ་སོགས་སྣ་ཚོགས་བསྒྲིགས་པའི་བོད་བཟོའི་སྦག་ཅོག་འཁྲིས་སུ་བསྡད་དེ་གསར་འགོད་པར་རང་ཉིད་ཀྱི་འཚོ་བའི་འགྱུར་ལྡོག་གླེང་འགོ་ཚུགས།
         ཕ་གཡུ་གྲོང་ཚོའི་གྲོང་མི་དང་པོའི་གྲས་ཤིག་ཡིན་པའི་ལོ་49ལ་སླེབས་པའི་ཉི་ཕུན་གྱིས‘མུ་ལྟོ་བའི་གྲོང་ཚོའི’ལོ་རྒྱུས་བློ་ངོར་གསལ་ལེར་འཆར་གྱི་ཡོད་པ་སྟེ། 1994ལོའི་ཟླ་4པར་ཉི་ཕུན་གྱིས་སྙན་རོང་རྫོང་སེ་ཆེན་ཤང་གི་དུད་ཚང་དབུལ་ཤོས་17གྱི་མི་72དང་མཉམ་དུ་ད་ཆའི་ཕ་གཡུ་གྲོང་ཚོར་སྤོས་པ་དང་། ད་དུང་སྲིད་གཞུང་གིས་སྤྲད་པའི་འབྲི་གཡག་100དེ་དག་ཐོན་སྐྱེད་དང་འཚོ་བའི་རྟེན་གཞིར་བྱས། སྟབས་མ་ལེགས་པ་ཞིག་ལ་1997ལོར་ནག་ཆུ་ས་ཁུལ་ལ་གངས་སྐྱོན་ཆེན་པོ་ཞིག་བྱུང་ནས་ཕ་གཡུ་གྲོང་ཚོའི་འབྲི་གཡག་80དེའི་ནང་རྨེག་མེད་དུ་གྱུར།
         “འབྲོག་པར་འབྲི་གཡག་མེད་ན་ཆགས་ས་བརྟེན་ས་གང་ཡང་མེད”འཚོ་བ་འཕྱིད་ཙམ་ཡོང་ཆེད་མི་ཕལ་ཆེ་བས“མཐེ་བོང་གཉིས་ལ་བརྟེན་ནས་འཚོ་ཐབས་བྱེད”ཅིང་དེ་ཡང་སློང་རྒྱག་རྒྱུ་དེ་རེད། དེས་ན་ཕ་གཡུ་གྲོང་ཚོ་འདི་ཡང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི‘མུ་ལྟོ་བའི་གྲོང་ཚོར’གྱུར་ཞེས་ཉི་ཕུན་གྱིས་བཤད།
         ལོ་ཉི་ཤུའི་གོང་གི་གངས་སྐྱོན་དེས་ཕ་གཡུ་གྲོང་ཚོར་གྱོང་གུན་ཚབས་ཆེན་བྱུང་ཡོད། གངས་སྐྱོན་བྱུང་རྗེས་སྲིད་གཞུང་གིས་ཕ་གཡུ་གྲོང་ཚོ་དེ་དབྱར་དུས་ཀྱི་འབྲོག་ར་ནས་རྫོང་གྲོང་ནས་ས་ཁུལ་དུ་བསྐྱོད་པའི་གཞུང་ལམ་གྱི་འཁྲིས་སུ་སྤོས། དུས་དེ་ནས་བཟུང“གཞུང་ལམ་འདི་ཉིད་ཕ་གཡུ་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་མགྱོགས་ལམ་ཞིག་ཏུ་གྱུར་ཡོད”ཅེས་ཕ་གཡུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར་བཤད།
         2009ལོར་ཕ་གཡུ་གྲོང་ཚོས་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཤིག་བཙུགས་ཏེ། མར་དང་། ཞོ། ལ་ལ་སོགས་དཀར་ཆུའི་ཐོན་རྫས་ཁྲོམ་རར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། འབྲོག་པ་ཚོས་ཕྱུགས་ཟོག་དང་རྩྭ་རའམ་ཡང་ན་ངལ་ནུས་ཡོད་ཚད་བཏང་བར་བརྟེན་ནས་ལོ་མཇུག་ཏུ་ཐོབ་ཆ་བགོ་བཤའ་རྒྱག་རྒྱུ་བྱུང་བ་རེད།
         “ཕ་གཡུ་གྲོང་ཚོའི་འབྲོག་ར་སྤུས་ཀ་དག་ལ་གཞུང་ལམ་དང་ཐག་ཉེ་བར་བརྟེན་དཀར་ཆུའི་ཐོན་རྫས་ཀྱང་མགྱོགས་མྱུར་ཕྱིར་ཚོང་ཐུབ་ཡོད། མཉམ་ལས་རྩ་འཛུགས་བཙུགས་པའི་ལོ་དེར་ཕ་གཡུ་གྲོང་ཚོ་མཉམ་སྡེབ་དབུལ་སྒྲོལ་བྱུང་སོང”ཞེས་བསོད་ནམས་བསྟན་འཛིན་གྱིས་བཤད།
        2012ལོར་ཕ་གཡུ་གྲོང་ཚོ་འདི་ཉིད་ནག་ཆུ་ས་ཁུལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་གསར་འཛུགས་སྐྲུན་ཚོད་ལྟ་བྱེད་ཁོངས་སུ་བཅུག་ཅིང་། དེ་སྔོན་གྱི‘མུ་ལྟོ་བའི་གྲོང་ཚོ’འདི་ཡང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས།
         “མཉམ་ལས་རྩ་འཛུགས་མ་བཙུགས་གོང་གྲོང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་800ཡང་ཟིན་གྱི་མེད་མོད། འོན་ཀྱང་2013ལོ་ནས་བཟུང་སྟེ་ཕ་གཡུ་གྲོང་ཚོའི་གྲོང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལྷག་ཙམ་ཟིན་གྱི་ཡོད”ཅེས་བུ་བདེས་བཤད།
        འཚོ་བ་ཇེ་ཡག་ཏུ་ཕྱིན་པ་དང་ཆབས་ཅིག་ཕ་གཡུ་བ་ལའང་འགྱུར་ལྡོག་འགྲོ་དང་འགྲོ་མུས་ཡིན་ཞིང་། གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་ཕྱི་དྲོ་གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་དེ་ཡོངས་ཀྱི་ཕོ་མོ་རྒན་གཞོན་རྣམས་ཁྲིད་དེ་གཞུང་ལམ་གཞོགས་གཉིས་ཀྱི་གད་སྙིགས་སྒྲུག་པར་འགྲོ་བ་དང་། གྲོང་མི་ཚོས་ད་དུང་གཞུམ་ལམ་གྱི་གཞོགས་ཤིག་ཏུ་སྤྱི་པའི་གསང་སྤྱོད་བརྒྱབ་ནས་རྒྱ་ལམ་འགྲུལ་པར་སྟབས་བདེ་བསྐྲུན་ཡོད། གྲོང་ཚོའི་ནང་ཆང་རག་བཏུང་མཁན་དང་ཐ་མག་འཐེན་མཁན་ཇེ་ཉུང་དུ་ཕྱིན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། 2017ལོར་མཉམ་ལས་རྩ་འཛུགས་ཀྱིས་སྒོར་ཁྲི་115བཏོན་ཏེ་དུད་ཚང་ཚང་མར་ཐོབ་ཆ་སྒོར་ཁྲི་2ནས་ཁྲི་6བར་བགོས་པ་རེད།
         ‘མུ་ལྟོ་བའི་གྲོང་ཚོ’ནས་མཉམ་སྡེབ་དབུལ་སྒྲོལ་བྱུང་བའི་བར་དང་ད་ཆ་འབྱོར་འབྲིང་ཕྱོགས་སུ་སྐྱོད་འགོ་ཚུགས་པའི་བར་དུད་ཚང་24དང་གྲོང་མི་97ཡོད་པའི་གྲོང་ཚོ་འདིར་ད་དུང་ཡང་འགྱུར་ལྡོག་གསར་པ་འགྲོ་བཞིན་ཡོད་དེ། བུ་བདེས་མཉམ་ལས་རྩ་འཛུགས་ཀྱིས་གསར་དུ་བཙུགས་པའི་ཇ་ཁང་འགན་གཙང་བླངས་པ་དང་། མཉམ་ལས་རྩ་འཛུགས་ཀྱི་འོ་མ་བཞོ་མཁན་འཇོན་ཤོས་ཡིན་པའི་ཉི་ཕུན་གྱི་བཟའ་ཟླ་བདེ་དགས་འདི་ལོ་ཕལ་ཆེར་འཕྲུལ་འཁོར་གྱི་འོ་མ་བཞོ་བའི་བ་ཕྱུགས་གསོ་ཚགས་ར་བ་སྐྲུན་འགོ་འཛུགས་རྒྱུ་ཡིན་པ་ཤེས་སྐབས་ཁོ་མོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཞོ་སྙོལ་བ་དང་ལ་ལ་བཟོ་བ་སོགས་ཀྱི་ལག་རྩལ་ངོམ་པའི་དུས་ཚོད་དེ་བས་མང་བ་ཡོང་རྒྱུར་རེ་བས་ཁེངས།
      

    ཕྱོགས་བསྡུས་གསར་འགྱུར།