འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་འདེམས་ཤོག་
    གི་མཇུག་འབྲས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུན་པ་མཚོན་ཡོད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་28ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་37པའི་ཐོག་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་བཏོན་པའི“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི”གྲོས་ཆོད་ལ་རྣམ་གནོན་རང་བཞིན་གྱི་འདེམས་ཤོག་ཐོབ་ནས་གྲོས་འཆམ་བྱུང་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུན་པ་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རིའི་སྐུ་ཚབ་ཚོགས་པའི་དཔོན་རིགས་ཀྱིས་གཟའ་འཁོར་གོང་མའི་གཟའ་པ་སངས་ལ་རེ་ནེ་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་བསྡུར་བྱེད་སྐབས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་འཆར་ཟིན་ལ་བརྟེན་ནས་རང་ངོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རེ་བྱེད་པར་ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་ལ་ངོ་རྒོལ་གྱི་འདེམས་ཤོག་འཕེན་ཡོད་ཅེས་བརྗོད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་བསྐྱོན་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས།
         “ཁྱེད་ཀྱིས་བརྗོད་པའི་རེ་ནེ་ཝར་བཅའ་སྡོད་ཨ་རིའི་སྐུ་ཚབ་ཚོགས་པའི་དཔོན་རིགས་ཀྱི་སྐད་ཆ་ཁུངས་ལུང་གཏན་ནས་མེད་པ་ཞིག་ཡིན་ལ། ཨ་རི་ཕྱོགས་ཀྱི་མི་ཁག་གཅིག་གི་ཤེས་རྨོངས་དང་ཁེངས་དྲེགས་ཀྱི་རྣམ་པ་ཡང་མཚོན་ཡོད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་པ་རེད།
         ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་37པའི་ཐོག་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་བཏོན་པའི“འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་པའི”གྲོས་ཆོད་ལ་རྣམ་གནོན་རང་བཞིན་གྱི་འདེམས་ཤོག་ཐོབ་ནས་གྲོས་འཆམ་བྱུང་ཡོད་ཅེས་གསུངས་པ་རེད། གྲོས་ཆོད་དེས་ཕྱོགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་བ་དང་། གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
         ཧྭ་ཁྲུན་ཡིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་ཞིག་ཡོད་པ་སྟེ་གྲོས་མོལ་དང་མཉམ་ལས་བྱས་ཚེ་གཞི་ནས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ངང་སྐུལ་འདེད་གཏོང་ཐུབ་རྒྱུ་དེ་ཡིན། དེས་ན་ཚེས་26ཉིན་གྱི་ཚོགས་འདུའི་ཐོག་རྒྱལ་ཁབ་མང་པོ་ཞིག་གིས་གཏམ་བཤད་བྱེད་སྐབས་ཀྲུང་གོས་བཏོན་པའི་གྲོས་ཆོད་དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འདུན་པ་གང་ལེགས་མཚོན་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་གྲོས་རིམ་བཀོད་སྒྲིག་བྱེད་དབང་ཆེ་རུ་འགྲོ་བར་ཕན་པ་ཡོད་པས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད་ཅེས་གསུངས་པ་རེད།
         “ཁྱེད་ཀྱིས་ད་ལྟ་བརྗོད་པའི་ཨ་རིའི་དཔོན་རིགས་དེས་ཚང་མར་དོན་དངོས་ཤིག་གསལ་བཤད་བྱེད་ཐུབ་མིན་ངས་ཤེས་མ་སོང་། དེ་ནི་ད་ཐེངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནང་ཀྲུང་གོས་བཏོན་པའི་འབྲེལ་ཡོད་གྲོས་ཆོད་ལ་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་པ་ནི་ཨ་རིའི་རེ་བ་གཞིར་བཟུང་བྱས་རུང་། འདེམས་ཤོག་གི་མཇུག་འབྲས་ནི་མོས་མཐུན་འདེམས་ཤོག་28དང་ངོ་རྒོལ་འདེམས་ཤོག་1ཡིན”ཞེས་གསུངས་པ་དང་། ཁོང་གིས་སྐབས་དེ་དུས་འདེམས་ཤོག་འཕེན་གྲངས་མཚོན་པའི་བརྙན་ཤེལ་ཐོག་མངོན་པ་མང་བ་ནི་ལྗང་མདོག“Yes”ཡིན། ཨ་རི་གཅིག་པུས་འཕངས་པའི་དམར་མདོག“No”དེ་མིག་ལ་གཟན་ཞིང་གྲོགས་མེད་ཁེར་རྐྱང་ཞིག་ཏུ་སྣང་ཞེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འབྲེལ་བའི་འབྱུང་འགྱུར་འབད་བརྩོན་གྱི་སྤྱིའི་དམིགས་ཚད་ཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སོགས་འབྲེལ་ཡོད་ཕྱོགས་ཁག་དང་མཐུན་སྦྱོར་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་དྲང་ནུས་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།