འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ས་མཐོའི་ལས་བཟོའི་གློག་རྡུལ་དེབ་ཁང་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ལས་བཟོའི་གློག་རྡུལ་དེབ་ཁང་དེ་རྒྱལ་ཡོངས་ནས་ལས་བཟོའི་ཚོགས་མི་ཡོངས་ལ་ཐོག་མར་ཁྱབ་ཐུབ་པ་མངོན་འགྱུར་བྱུང་སྟེ“མི་གཅིག་ལ་དཔེ་དེབ་ཁང་གཅིག་དང་ས་ཕྱོགས་གང་སར་ལྟ་ཀློག་ཐུབ་པའི”འཛུགས་སྐྲུན་དམིགས་ཚད་དངོས་སུ་མངོན་འགྱུར་ཐུབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་སུ་བཟོ་ཚོགས་ལས་བཟོའི་དེབ་ཁང་འཛུགས་སྐྲུན་ལས་དོན་འགོ་བཙུགས་ཏེ་ལོ་ལྟར་ཆེད་དོན་གྲོན་དངུལ་སྒོར་ཁྲི་100བཏང་ནས་དཔེ་དེབ་སྡེབ་སྐྱེལ་གྱི་རྣམ་པའི་ཐོག་ནས་ཞིང་ཆེན་ཡོངས་སུ་དངོས་ཚན་དཔེ་དེབ་ཁང་བཙུགས་ཡོད། ལོ་10འཕེལ་རྒྱས་ཕྱིན་རྗེས་ཞིང་ཆེན་ཡོངས་ལ་རྒྱལ་ཡོངས་ཀྱི་ལས་བཟོའི་དེབ་ཁང་གི་དཔེ་སྟོན་ས་ཚིགས་131དང་ཞིང་ཆེན་རིམ་པའི་ལས་བཟོའི་དེབ་ཁང་གི་དཔེ་སྟོན་ས་ཚིགས་599བསྐྲུན་པ་དང་ཁེ་ལས་བྱ་གཞག་ཚན་པས་དཔེ་དེབ་ཁང་806རང་བསྐྲུན་བྱས་ནས་ལས་བཟོ་ཁྲི་60ཙམ་ལ་ཞབས་ཞུ་བྱས་ཡོད། དྲ་རྒྱའི་ཆ་འཕྲིན་དུས་རབས་སུ་སླེབས་པ་དང་བསྟུན་ནས་གྲངས་འཛིན་ལྟ་ཀློག་བྱེད་སྟངས་རིམ་བཞིན་དུས་རབས་འདིའི་ལྟ་ཀློག་བྱེད་སྟངས་གཙོ་བོར་གྱུར་ཡོད། རྒྱ་ཆེའི་ལས་བཟོའི་དྲ་རྒྱའི་གྲངས་འཛིན་ལྟ་ཀློག་གི་དགོས་མཁོ་གསར་པ་དང་འཚམ་མཐུན་ཡོང་བ་དང་རྒྱ་ཆེའི་ལས་བཟོར་ནང་དོན་ཕུན་སུམ་ཚོགས་པོ་དང་། ཁྱད་ཆོས་དུ་མ་ལྡན་པ། བཀོལ་སྤྱོད་སྟབས་བདེ་བཅས་ཀྱི་དར་སོ་ཆེ་བའི་ལྟ་ཀློག་ལས་སྟེགས་བསྐྲུན་ཆེད། 2016ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་བཟོའི་གློག་རྡུལ་དེབ་ཁང་ཁྱབ་གདལ་བཏང་བ་རེད།
         མཚོ་སྔོན་གྱིས་2016ལོ་ནས་2017ལོ་བར་མ་དངུལ་སྒོར་ཁྲི་31བཏང་ནས་ཁག་གཉིས་སུ་བགོས་ཏེ་ལས་བཟོའི་གློག་རྡུལ་དེབ་ཁང་གི་ལྟ་ཀློག་རྩིས་ཐོ་ཉོ་སྒྲུབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་བཟོ་ཁྲི་31ལ་གློག་རྡུལ་དཔེ་དེབ་ཁང་གི་ལྟ་ཀློག་གཱ་རིན་པ་མི་དགོས་པར་སྤྲད་པ་རེད། དེ་དང་ཆབས་ཅིག་རིམ་ཁག་བཟོ་ཚོགས་དང་མཐུན་སྦྱོར་འབྲེལ་གཏུག་བྱས་ཏེ་གྲོང་ཁྱེར་དང་རྫོང་གི་བཟོ་ཚོགས་ཀྱིས་གློག་རྡུལ་དཔེ་དེབ་ཁང་གི་རྩིས་ཐོའི་རྗེས་མཐུད་འགྲོ་གྲོན་དེ་གྲོན་དངུལ་གྱི་སྔོན་རྩིས་ནང་འཇུག་རྒྱུའི་ཐུན་མོང་ངོས་འཛིན་ཆགས་ནས་རྩིས་ཐོ་བེད་སྤྱོད་ཐུབ་པ་དང་གོ་ཆོད་པའི་འགན་ལེན་བྱས་པ་མ་ཟད། ད་དུང་གློག་རྡུལ་དཔེ་དེབ་ཁང་གི་ལས་སྟེགས་བེད་སྤྱོད་གཏོང་བའི་རྒྱུན་མཐུད་རང་བཞིན་འགན་ལེན་ཡང་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལས་བཟོ་དེ་བས་མང་བས་དྲ་ཞུགས་ལྟ་ཀློག་བྱ་ཆེད། མཚོ་སྔོན་བཟོ་ཚོགས་ཀྱིས་ལས་བཟོ་དང་ཞིང་པ་ལས་མིར་དཔེ་ཀློག་གཱ་སྟེར་བའི་བྱེད་སྒོ་ཐེངས་མང་སྤེལ་བ་དང་ཆབས་ཅིག་རིག་གནས་གཤམ་སྤེལ་བྱེད་སྒོ་བརྒྱུད་ལུང་ཁུག་ས་ཁུལ་གྱི་ཚན་པའི་ལས་བཟོར་དཔེ་ཀློག་གཱ་སྤྲད་པ་རེད། 2017ལོར་མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱིས་རྒྱལ་ཡོངས་བཟོ་ཚོགས་ཀྱི་ལས་བཟོའི་གློག་རྡུལ་དཔེ་དེབ་ཁང་གི་གྲངས་འཛིན་ལྟ་ཀློག་གཞི་གཅིག་ཅན་གྱི་འཕྲུལ་འཁོར་8ཉོས་ནས་ཀྲོའུ་6དང་གྲོང་ཁྱེར་2ལ་སྤྲད་པ་དང་། འཕྲུལ་འཁོར་དེ་དག་ལས་བཟོ་གཅིག་སྡུད་བྱེད་མང་བའི་སྤྱི་པའི་ས་ཆར་བཞག་ནས་ལས་བཟོས་དཔེ་དེབ་ལྟ་ཀློག་བྱེད་སྐབས་སྟབས་བདེ་ཡོང་བ་བྱས་པ་དང་ལས་བཟོའི་གློག་རྡུལ་དཔེ་དེབ་ཁང་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་རེད།
         དུས་མཚུངས་གཞི་རིམ་བཟོ་ཚོགས་ཁག་གིས་ཚན་པའི་དོན་དངོས་ལ་གཞི་ཚུགས་ཏེ་དཔེ་ཀློག་དེ་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་ཟུང་འབྲེལ་དང་། ཐོན་སྐྱེད་དོ་དམ་དང་ཟུང་འབྲེལ། འཕེལ་རྒྱས་གསར་གཏོད་དང་ཟུང་འབྲེལ་བཅས་བྱས་ཏེ་ལས་བཟོས་ལས་ཞོར་དུས་ཚོད་སྤྱད་དེ་གློག་རྡུལ་དཔེ་དེབ་ལྟ་ཀློག་བྱ་རྒྱུའི་སྐུལ་མ་བཏང་བ་དང་ཆབས་ཅིག ཆེད་དོན་བགྲོ་གླེང་དང་། ཤེས་བྱ་འགྲན་བསྡུར། བཞུགས་མོལ་གྲོས་བསྡུར། གཏམ་བཤད་འགྲན་བསྡུར། དཔེ་ཀློག་རྩོམ་བསྡུ། རི་མོའི་འགྲེམས་སྟོན། པར་རིས་འགྲེམས་སྟོན། སྙན་ངག་གྱེར་འདོན། འཆད་ཁྲིད་གཉེར་བ་སོགས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་གཞི་རྟེན་ལ་བརྟེན་ནས་དུས་ཚོད་འོས་འཚམ་དུ་རྣམ་པ་སྣ་ཚོགས་ཀྱི་གསར་གཏོད་རང་བཞིན་ལྡན་པའི་དཔེ་ཀློག་བྱེད་སྒོ་སྤེལ་བ་བརྒྱུད“ལས་བཟོའི་དཔེ་དེབ་ཁང”ཉིད་འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད་བཅས་གཞི་གཅིག་ཅན་གྱི་ལས་བཟོའི་རིག་གནས་སྤུས་རྟགས་སུ་དངོས་འབྲེལ་གྱུར་བ་བྱས་ཡོད།
         ལས་བཟོའི་དངོས་ཚན་དཔེ་དེབ་ཁང་ནི་ལས་བཟོའི་རིག་གནས་འཛུགས་སྐྱོང་གི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ། ལས་བཟོའི་བྱང་ཚད་མཐོར་གཏོང་དང་བསམ་བློ་དང་རིག་གནས་འཚོ་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན་པས་རྒྱ་ཆེའི་ལས་བཟོར་ནང་དོན་ཕུན་སུམ་ཚོགས་པའི་བསམ་པའི་འཚོ་བཅུད་མཁོ་འདོན་བྱས་ཡོད། གློག་རྡུལ་ལས་བཟོའི་དཔེ་དེབ་ཁང་ཁྱབ་གདལ་བེད་སྤྱོད་བཏང་ནས་རྒྱ་ཆེའི་ལས་བཟོར་དར་སྲོལ་སྟབས་བདེ་དང་ཁྱད་ཆོས་ལྡན་པའི་གྲངས་འཛིན་དཔེ་དེབ་ལྟ་ཀློག་གི་ཚོར་སྣང་གསར་པ་སྤྱིན་ཡོད།
         རང་རེའི་ཞིང་ཆེན་གྱི་ལས་བཟོའི་གློག་རྡུལ་དཔེ་དེབ་ཁང་དེ་རྒྱལ་ཡོངས་ནས་ལས་བཟོའི་ཚོགས་མི་ཡོངས་ལ་ཐོག་མར་ཁྱབ་ཐུབ་པ་བྱུང་སྟེ“མཛུབ་རྩེའི་ལྟ་ཀློག”དང“མི་གཅིག་ལ་དཔེ་དེབ་ཁང་གཅིག་དང་ས་ཕྱོགས་གང་སར་ལྟ་ཀློག་ཐུབ་པའི”དམིགས་ཚད་དངོས་འབྲེལ་མངོན་འགྱུར་ཐུབ་ཡོད། སྐབས་དེར་དངོས་ཚན་དཔེ་དེབ་ཁང་དང་གློག་རྡུལ་དཔེ་དེབ་ཁང་གཉིས་ཟུང་དུ་སྦྲེལ་བ་དང་། ལྟ་ཀློག་ཐོན་ཁུངས་དང་ལྟ་ཀློག་བྱེད་སྒོ་གཉིས་ཟུང་དུ་སྦྲེལ་ནས། ལས་བཟོ་ཚོར་ཡོངས་སུ་ཁྱབ་པའི་དཔེ་ཀློག་སྒྲིག་བཀོད་དྲ་རྒྱ་དེ་མཚོ་སྔོན་གྱི་ལས་བཟོ་ཁྲི་ཁྲག་དུ་མའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་ལྟ་བུར་འགྱུར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།