འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་དོན་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་པ།

    ——བོདལྗོངས་ཀྱི་གྲོང་སྡོད་ལས་བྱེད་པའི“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་23ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་དང་ཞིང་འབྲོག་པ་མང་ཚོགས་ཚོས་གྲོང་སྡོད་ལས་བྱེད་པས“བདེ་ཐང་དང་། རིག་རྩལ། ལུས་རྩལ་བཅས་གཤམ་སྤེལ”(གཤམ་དུ“གཤམ་སྤེལ་གསུམ”ཞེས་བསྡུ་རྒྱུ)གྱི་བྱེད་སྒོ་སྤེལ་བར་བསྔགས་བརྗོད་ཆེན་པོ་བྱས་པ་རེད།
         ཚད་མཐོའི་མཐོང་ཆེན་གྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་པ།
         འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་རྨང་བརྟན་གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་། རང་སྐྱོང་ལྗོངས་རིག་གནས་ཐིང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་བཅས་དང་མཉམ་དུ་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པས་ལས་དོན་སྤེལ་རིང“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་བརྡ་ཐོ་དང་ལག་བསྟར་ཇུས་གཞི་བཀྲམ་ནས་འབྲེལ་ཡོད་ཚན་པ་ཁག་གིས་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། གཙོ་གནད་ཡུལ་ལ་དམིགས་པ། ཐོན་ཁུངས་སྤྱི་འདོམས་དང་བསྡུ་སྒྲིལ། ལས་ཀའི་གཞི་རྟེན་གསར་གཏོད། བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས་ཞིང་འབྲོག་པ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         བརྡ་ཐོ་བཀྲམ་རྗེས་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དང་རིམ་ཁག་རྨང་བརྟན་གཞུང་ལས་ཁང་དང་། འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན། རིག་གནས་ཅུས། ལུས་རྩལ་ཅུས་བཅས་ཀྱིས“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་ལས་འགན་གཙོ་བོར་དམིགས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ལས་ཀའི་སྒྲིག་གཞི་དང་མཐུན་སྦྱོར་ཞབས་ཞུའི་འགན་སྲུང་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “གཤམ་སྤེལ་གསུམ”གྱི་བྱེད་སྒོ་ལོ་འཁོར་གྱི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་གདེང་འཇོག་གི་མ་ལག་ནང་བཅུག་ནས་རྒྱུན་གཏན་གྱི་ལས་ཀའི་བཀོད་གཏོང་དང་སྐུལ་འདེད་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་བྱེད་སྒོ་བདེ་བླག་ངང་སྤེལ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།
         དགོས་མཁོ་བཞིན་ཇུས་བཏོན་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ།
         བོད་ལྗོངས་ཀྱི་རིམ་ཁག་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་སྨན་བཅོས་སྒྲིག་གཞི་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་སྐོར་སྐྱོད་སྨན་བཅོས་ཞབས་ཞུའི་ས་ཚིགས་ཀྱི་གྲོང་སྡོད་ལས་བྱེད་པ་དང་རང་འགུལ་ངང་སྤེལ་རེས་དང་འབྲེལ་བ་བྱས་ནས་སྐོར་སྐྱོད་སྨན་བཅོས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་སྐོར་སྐྱོད་སྨན་བཅོས་ཀྱི་དུས་ཚོད་ཞིབ་ཚགས་ངང་བཀོད་སྒྲིག་བྱས་ནས“བདེ་ཐང་གཤམ་སྤེལ”གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་བས་ཆེ་རུ་བཏང་ཡོད། རིགས་ཁག་གི་རོགས་སྐྱོར་ལམ་སྲོལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་པ་དང་གྲོང་སྡོད་ལས་བྱེད་པའི་སྨན་བཅོས་ཀྱི“ཐོགས་མེད་བགྲོད་ལམ”གསར་གཏོད་དང་ཤར་གཏོང་ཐུབ་པ་བྱས་ཏེ་གྲོང་སྡོད་ལས་བྱེད་པར“མྱུར་སྐྱོབ་སྨན་ཁུག་ཆུང་ངུ”སོགས་སྤྲད་པས་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།
         ཞིང་འབྲོག་པ་མང་ཚོགས་ཀྱི“རིག་རྩལ་དགོས་མཁོ”སྐོང་ཆེད། རང་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་ཟློས་གར་དང་། གླུ་གར། འཁྲབ་ཚན་ཐུང་ངུ་སོགས་ཀྱི་ལེ་ཚན་ཞིབ་ཚགས་ངང་བཟོ་བ། ལེ་ཚན་གྱི་ཕན་སྒུལ་རང་བཞིན་དང་ཡིད་དབང་འགུགས་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱེད་པ། རང་ལྗོངས་ཀྱི་གྲོང་སྡོད་ས་ཚིགས་དང་ལྷག་དོན་དུ་ཤིན་ཏུ་དབུལ་བའི་ས་ཁུལ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོར(གྲོང་ལྷན)བསྐྱོད་ནས་གཞི་རིམ་གྱི་ལས་བྱེད་པ་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩ་ནས“རིག་གནས་ཀྱི་སྟོན་མོ་གཟབ་རྒྱས”ལོངས་སུ་སྤྱོད་ཐུབ་ཡོད།
         བོད་ལྗོངས་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱིས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་དང་དེང་རབས་ཀྱི་ལུས་རྩལ་རྣམ་གྲངས་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་དང་། སྦེ་ག ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད།
        མང་ཚོགས་ཀྱིས་བསྟོད་བསྔགས་བཏང་བས་མུ་མཐུད་ཤུགས་བརྒྱབ་པ།
         “གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱི་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ། བོད་ལྗོངས་ཁྲེང་ཏུའུ་དོན་གཅོད་ཁྲུའུ་སྨན་ཁང་བཅས་སྒྲིག་འཛུགས་བྱས་ཏེ་མངའ་རིས་དང་། ནག་ཆུ། གཞིས་རྩེ་བཅས་ཀྱི་གྲོང་ཚོ(གྲོང་ལྷན)ཁག་གཅིག་ཏུ་བསྐྱོད་ནས་གྲོང་སྡོད་ལས་དོན་རུ་མི་200ཙམ་ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་མཉམ་དུ་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ་རེད། “དུས་ཆེན་ཆེན་པོ་གསུམ”རིང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཤང་དུ་རིག་རྩལ་ཐེངས་2933(རིག་རྩལ་འཁྲབ་སྟོན་དང་དམངས་སྲོལ་བྱེད་སྒོ་ཚུད་པ)བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་བོད་ཀྱི་ལོ་གསར་ཚེས་གསུམ་ཉིན་རྟ་རྩལ་འགྲན་ནས་རྟ་རྩལ་དང་གཉའ་རྩལ་རྣམ་གྲངས་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ཏེ་གྲོང་སྡོད་ས་ཚིགས་ཁག་གཅིག་ལ་ལུས་རྩལ་ལུས་སྦྱོང་ཡོ་བྱད་སོགས་ཞལ་འདེབས་བརྒྱབ་པས་མང་ཚོགས་ཁྲི་3ཙམ་ལྟད་མོ་ལྟ་བའི་ཡིད་དབང་བཀུག་ཡོད།
         གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྟོད་བསྔགས་དང་གདེང་འཇོག་བཟང་པོ་ཐོབ་ནས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད། རང་ལྗོངས་ཀྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོའི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་པ་བཅས་བྱས་ཏེ“གཤམ་སྤེལ་གསུམ”གྱི་བྱེད་སྒོ་གྲོང་སྡོད་ལས་དོན་གྱི་བཀྲག་མདངས་འཚེར་ས་དང་ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་གལ་ཆེན་དུ་གྱུར་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།