འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུ་ཡིས་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་
    འབྲེལ་བར་གོ་སྐབས་གསར་པ་འཆར་རྒྱུ་རེད་ཅེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་22ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གོ་སྐབས་གསར་པ་འཆར་བ་དང་གྲུབ་འབྲས་གསར་པ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འདྲི་བར་ལན་བསྐྱོན་སྐབས། ཨུ་རུ་སུའི་ཙུང་ཐུང་གི་འདེམས་བསྐོ་དེ་ཚེས་18ཉིན་བདེ་བླག་ངང་སྤེལ་ཡོད། ཨུ་རུ་སུ་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཡོངས་བསྒྲགས་བྱས་པའི་ཐོག་མའི་བསྡོམས་རྩིས་འབྲས་བུ་གཞིར་བཟུང་། ཙུང་ཐུང་ཕུའུ་ཅིང་ལ་རྒྱལ་ཁ་ཐོབ་ནས་སླར་ཡང་ཨུ་རུ་སུའི་ཙུང་ཐུང་ལ་བདམས་ཐོན་བྱུང་ཡོད་ཅེས་གསུངས།
         ཁོང་གིས་ཀྲུང་གོ་དང་ཨུ་རུ་སུ་ནི་ཁྱིམ་མཚེས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་ཆུ་ཚད་མཐོ་པོའི་ཐོག་འཁོར་སྐྱོད་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ཅེས་གསུངས།
         ཧྭ་ཁྲུན་ཡིང་གིས་མིག་སྔར་ཀྲུང་ཨུ་རྒྱལ་ཁབ་གཉིས་པོ་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཚེས་17ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་སླར་ཡང་བདམས་ཐོན་བྱུང་བའི་གསར་འགྱུར་ཡོངས་བསྒྲགས་བྱས་རྗེས། ཙུང་ཐུང་ཕུའུ་ཅིང་གིས་འཕྲལ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུས་ཀྱང་རྒྱལ་ཁབ་ཀྱི་ཆབ་སྲིད་གྲོས་རིམ་གལ་ཆེན་བདེ་བླག་ངང་ལེགས་སྒྲུབ་བྱས་པར་སྙིང་དབུས་ནས་རྟེན་འབྲེལ་ཞུས་ཏེ་སྔར་རྒྱུན་གཞིར་བཞག་ངང་ཨུ་རུ་སུ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཙུང་ཐུང་ཕུའུ་ཅིང་གི་འགོ་ཁྲིད་འོག་ཨུ་རུ་སུས་བརྟན་ལྷིང་དང་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ལོ་འཁོར་གྱི་ཕན་ཚུན་འཚམས་འདྲིའི་སྲོལ་རྒྱུན་གཞིར་བཟུང་། ཨུ་རུ་སུའི་ཙུང་ཐུང་འདི་ལོ་ཀྲུང་གོར་འཚམས་འདྲི་གནང་རྒྱུ་དང་། ཕྱོགས་གཉིས་པོས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེའི་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་རེད་ཅེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།