འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་འགན་གསར་པ་ཕྲག་ཏུ་ཁུར། རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད།

    —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་21ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འགན་འཁྲིར་ངོ་མི་གནོང་བ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཟླ་3ཚེས་20ཉིན་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཐབས་དང་ཇུས་ཧུར་ཐག་བཏོན་པ་དང་ཁྲིམས་བཞིན་འགན་འཁྲི་བསྒྲུབས་ཡོད། ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་གྲོས་ཆོད་དང་གཏན་འབེབས་ཁག་ལས་ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་འདུན་པ་གཅིག་གྱུར་བྱུང་བ་གང་ལེགས་མངོན་ཡོད། ང་ཚོས་ཚོགས་ཞུགས་འཐུས་མི་ཚོར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུ་རྒྱུ་ཡིན།
         འདི་ནི་དམངས་གཙོ་དང་། མཐུན་སྒྲིལ། དོན་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་དང་། མི་དམངས་ཀྱི་རེ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། མི་དམངས་དུང་ཕྱུར་མང་པོས་དམིགས་ཚད་གསར་པར་ཕྱོགས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་རྒྱུར་ལྕག་སྐུལ་བྱེད་པ་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གལ་ཆེན་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཚོན་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བསྟར་བ། འདས་ཟིན་པའི་ལོ་ལྔའི་རིང་རང་རྒྱལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཡར་རྒྱས་ལ་ཕྱོགས་སྡོམ་བྱེད་པ་བཅས་བྱས་ནས་འདི་ལོའི་སྲིད་གཞུང་གི་ལས་དོན་གྱི་གཞི་རྩའི་བསམ་ཕྱོགས་དང་ལས་འགན་གཙོ་བོ་གསལ་སྟོན་བྱས་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ནང་བཀོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་གསར་པ་དང་། ཉམས་མྱོང་གསར་པ། བླང་བྱ་གསར་པ་བཅས་མངོན་ཡོད་པས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་ཐུབ་ངེས་རེད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལས་ཁུངས་ཀྱི་འགན་ནུས་བཟང་སྒྲིག་དང་ལེགས་སྒྲིག་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཀོད་སྒྲིག་དེ་བས་དོན་དངོས་དང་མཐུན་པ་དང་། ཚན་རིག་དང་ལུགས་དང་མཐུན་པ། ལས་ཕྱོད་དེ་བས་ཆེ་བ་བཅས་ཡོང་རྒྱུ་ཡིན་པ་དེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཕྱིར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་ངེས་རེད། ཚོགས་ཆེན་ཐོག་འདེམས་བསྐོ་དང་གཏན་འཁེལ་བྱས་པའི་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་པའི་གྲུབ་ཆ་དེ་བས་བཟང་སྒྲིག་དང་གསོན་ཤུགས་དེ་བས་ཆེ་རུ་ཕྱིན་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་ཕྱིར་རྩ་འཛུགས་ཀྱི་འགན་ལེན་གལ་ཆེན་ཐུབ་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ལྟ་ཞིབ་བཅའ་ཁྲིམས་ཀྱིས་གཅིག་སྡུད་གཅིག་གྱུར་དང་། དབང་གྲགས་ལྡན་ལ་ནུས་ཆེའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ལྟ་ཞིབ་སྒྲིག་སྲོལ་གྲུབ་པར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་ཐུབ་ཡོད།
         མཇུག་འགྲིལ་ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ང་ཚོའི་རླབས་ཆེན་གྱི་མི་དམངས་དང་། རླབས་ཆེན་གྱི་མི་རིགས། རླབས་ཆེན་གྱི་མི་རིགས་སྙིང་སྟོབས་བཅས་ལ་བརྩེ་བ་ཟབ་མོས་བསྟོད་གླུ་ཕུལ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཆེད་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བདེ་སྐྱིད་དང་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། ཁ་གསལ་བའི་སྲིད་སྐྱོང་གི་འདུ་ཤེས་དང་། ཧ་ཅང་ཟབ་པའི་མི་དམངས་ཀྱི་བརྩེ་སེམས་ལས་མི་དམངས་དུང་ཕྱུར་མང་པོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་བརྟན་པོར་སྐུལ་མ་ཆེན་པོ་ཐེབས་ཡོད།
         སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་བའི་འགག་རྩ་ནི་མི་དམངས་ཀྱི་འདུན་པ་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་ལེན་བྱེད་པ། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ཏེ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པར་ཐུག་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོ་མི་དམངས་རང་ཁྱིམ་རང་བདག་ཐུབ་པའི་ཐབས་ལམ་གལ་ཆེན་དང་མངོན་འགྱུར་བྱེད་སྟངས་ཡག་ཤོས་ཤིག ཏང་གི་འགོ་ཁྲིད་མཐའ་སྐྱོང་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཐུབ་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པར་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མུ་མཐུད་བརྒྱུད་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་བཟུང་དགོས།
         2018ལོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་ནུས་སྒྲུབ་པའི་ལོ་དང་པོ་ཡིན་པས་འཐུས་མི་རྣམ་པའི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། དེར་བརྟེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་འཁུར་དགོས་པ་དང་། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་མི་དམངས་ལ་དབང་བ་མཐའ་འཁྱོངས་བྱས་ནས་མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་པ། རྩ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མངོན་གསལ་འདོད་པའི་གནས་བབ་ཐོག་བཞག་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་རྩ་ཁྲིམས་བཞིན་རྒྱལ་སྐྱོང་གི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་པ། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་བེད་སྤྱད་དེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས། སྐབས་གསར་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གསར་འབྱེད་ཡར་བརྩོན་དང་འབད་འབུངས་ཡར་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་གཅིག་གྱུར་དང་ནུས་ཆེའི་རྩ་འཛུགས་འགན་ལེན་གྱིས་བྱ་གཞག་ཁག་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
        དུས་རབས་གསར་པའི་རྣམ་པ་དེ་བས་བརྗིད་ཉམས་ལྡན་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་དེ་བས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གསར་གཏོད་སྙིང་སྟོབས་དང་། རླབས་ཆེན་གྱི་འབད་འཐབ་སྙིང་སྟོབས། རླབས་ཆེན་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེན་གྱི་ཕུགས་འདུན་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ལས་དོན་ཏན་ཏིག་སྒྲུབ་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་དོན་དངོས་སུ་འགྱུར་བ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་དེ་བས་འོད་སྟོང་ལྡན་པ་ཞིག་ཡོང་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།