འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་
    སྐྲུན་དགོས།

    ​—— བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གྲོང་གསེབ་དར་རྒྱས་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་སྔོན་ལ་ལག་བསྟར་བྱས་པ།
         “ཡུལ་སྨད་ཤང་ཚད་བརྒལ་དུ་བརྩིས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་628འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་ཁྲོད་122ལས་འགོ་ཚུགས་ཟིན་པ་རེད”འཐུས་མི་ཚོས་དེ་ནི་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ཅེས་གསུངས།
         འཐུས་མི་ཕུར་བུ་དོན་གྲུབ་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཡིན་པའི་ངོས་ནས་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ང་ཚོར་གནང་བའི་བླ་ན་མེད་པའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཞིང་ཆེན་3དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་བོད་སྐྱོར་མ་དངུལ་བསྡུ་སྒྲིལ་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་96ཁྲོད་ནས་4བསྐྲུན་ཟིན་པ་དང་15སྐྲུན་བཞིན་ཡོད། ལེ་ལག་ཚང་བའི“མཐོར་གཏོང་འདུ་འགོད་ཁག་བཅུ”མགྱོགས་མྱུར་བསྐྲུན་ཏེ་མཐའ་མཚམས་ཀྱི་གྲོང་ཚོ་དང་གྲོང་ལྷན་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཚད་དང་། བདེ་འཇགས་འཐུང་ཆུ་འགན་ལེན་ཐུབ་ཚད། གློག་དྲ་གཙོ་བོ་ཁྱབ་ཚད་སོ་སོར་43.42%དང་། 85% 99.4%བཅས་ཟིན་ཡོད་ཅེས་གསུངས།
         འཐུས་མི་མིག་དམར་རྒོད་སྐྱེས་ཀྱིས་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཀྱི་དཔང་པོ་བྱས་ཤིང་། ཁོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པར་གློག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་མ་ཟད་ད་དུང་རྨང་གཞིའི་སྒྲིག་བཀོད་ཁག་ཀྱང་དེ་མཚུངས་ཀྱིས་བཀོད་སྒྲིག་ཡག་པོ་བྱེད་དགོས་ངེས་རེད་ཅེས་གསུངས།
         འཐུས་མི་སྒོར་སྒོར་གྱིས་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་འགྲིམ་འགྲུལ་དང་སྤྱི་སྤྱོད་འགྲུལ་སྐྱེལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་སྟབས་མ་དངུལ་སྒོར་དུང་ཕྱུར་28བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་300གསར་སྐྲུན་དང་བསྐྱར་སྐྲུན་བྱས་པས་ཤང་གྲོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་རེད། ལྷུན་གྲུབ་སོགས་རྫོང་5རུ་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་པ་དང“གསང་སྤྱོད་གསར་བརྗེ”ལ་སྐུལ་མ་ཤུགས་ཆེན་བཏང་ཡོད་པ་རེད། མ་དངུལ་སྒོར་དུང་ཕྱུར་25བཏང་ནས་ཕག་གུ་ཆུ་མཛོད་དང་སྟོད་ཆུ་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་སོགས་ཆུ་བེད་རྣམ་གྲངས་30བསྐྲུན་ཡོད། གྲོང་གསེབ་ཀྱི་ས་ཞིང་དང་མཉམ་སྡེབ་ཀྱི་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་འགན་གཙང་སྤྲོད་པའི་ས་ཞིང“དབང་གསུམ་ལོགས་བཀོད”བྱ་རྒྱུར་སྐུལ་མ་བཏང་སྟེ་ཡུལ་བབ་དང་བསྟུན་ནས་རྨོ་ཞིང་དང་། ནགས་ཞིང་། རྩྭ་ཐང་བཅས་འགན་གཙང་སྤྲོད་པའི་གཉེར་སྐྱོང་དབང་ཆ་བརྒྱུད་སྤྲོད་བྱས་པ་དང་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་བཏང་སྟེ་ཞིང་འབྲོག་པའི་ངལ་རྩོལ་ཡོང་འབབ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།