འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག"ཡང་དག་པའི་ལམ་བུར་
    སྐྱོད་བཞིན"པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ད་ལོའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་རིང་། དབུལ་སྒྲོལ་འགག་སྒྲོལ་ནི་དོ་ཁུར་ཆེན་པོ་ཐོབ་པའི་གླེང་གཞི་ཞིག་རེད། ཀྲུང་གོས་2020ལོར་སླེབས་སྐབས་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཡོང་རྒྱུའི་དམིགས་ཚད་བཏོན་པ་རེད། སྤྱིར་ན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ནའང་། ཀྲུང་གོ་སྲིད་གཞུང་གི་དམིགས་ཚད་དངོས་སྒྲུབ་དང་འཆར་གཞི་ལག་བསྟར་རུང་ཁར་ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག“ཡང་དག་པའི་ལམ་དུ་སྐྱོད་བཞིན”པ་དང་དེའི་གྲུབ་འབྲས་ཀྱིས་དབུལ་པོ་ཉུང་གཏོང་ལམ་བུར་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་བཞིན་པའི་རྒྱལ་ཁབ་གཞན་དག་ལ་སྐུལ་མ་གཏོང་རྒྱུ་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
         《རྒྱ་གར་གྱི་མྱུར་འཕྲིན་》ཐོག་གནས་ཚུལ་སྤེལ་དོན། ཀྲུང་གོ་སྲིད་གཞུང་གིས་སྲིད་སྐྱོང་ཐད་མི་དམངས་རྩ་བར་འཛིན་རྒྱུ་དོ་སྣང་བྱས་པ་མ་ཟད་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཡོད་ཅིང་། དམངས་ཚོགས་མང་པོ་བཀྲེས་ལྟོགས་དང་དབུལ་ཕོངས་ལས་ཐར་བར་བྱས་པ་དེ་ནི་བརྒྱུད་རིམ་འདྲ་བའི་རྒྱལ་ཁབ་མང་པོས་སྒྲུབ་ཐུབ་མེད།
         ཐུའུ་ཉི་སིའི་འཆར་གཞི་ལས་འགུལ་ཏང་གི་ཀྲུའུ་ཞི་མོ་ཧོ་ཤིན·མར་ཙུའུ་ཁེས། ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལམ་ལྷོངས་ཆེན་པོ་བྱུང་བ་དེས་འཛམ་གླིང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།
         ནི་ཀྲེ་རི་ཡའི་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲར་སི·ཨའོ་ནུའུ་ན་དབྱི་ཀྲུའུ་ཡིས། ཀྲུང་གོའི་དབུལ་ཕོངས་མེད་པར་བཟོ་བའི་བྱེད་ཐབས“ལག་ལེན་བསྟར་རུང་བ་དང་དམིགས་སའི་རང་བཞིན་ཆེ་ཁར་རྒྱུན་སྲིང་ཆོག་པ”དང་། ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་གིས“མི་དམངས་དབུལ་པོ་ལས་སྒྲོལ་ཐུབ་པ་བྱེད་དགོས་ལ་དེ་བས་ཀྱང་མི་དམངས་ཕྱུག་པོར་བསྒྱུར་དགོས། དེ་ལྟར་བྱས་ཚེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་སྲིད”ཅེས་བརྗོད། ཁོང་ལ་ཀྲུང་གོས་དབུལ་ཕོངས་མཐར་ཕྱིན་པ་མེད་པར་བཟོ་ཐུབ་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་དང་འབྲེལ་རྒྱ་ཆེའི་ཨ་ཧྥེ་རེ་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་དགོས་པའི་ངོས་འཛིན་ཀྱང་གནང་བ་རེད།
         ཀྲུང་གོ་དང་ཐན་ཙན་ནི་ཡའི་དབུལ་པོ་ཉུང་གཏོང་དང་གྲོང་ཚོ་རིམ་པའི་དཔེ་སྟོན་རྣམ་གྲངས་འཕེལ་རྒྱས་ཀྱི་ཐན་ཙན་ནི་ཡ་ཕྱོགས་ཀྱི་མཐུན་སྦྱོར་མི་སྣ་ཨོ་ནེ་སི་ཐེ·མུའུ་ཁུང་ཀེ་ཡིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ད་ལྟ“ཡང་དག་པའི་ལམ་དུ་སྐྱོད་བཞིན”ཡོད། ཀྲུང་གོས་ལོ་མང་རིང་ས་ཁུལ་དབུལ་པོར་སྲིད་ཇུས་ཐད་རོགས་སྐྱོར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་འབད་བརྩོན་གྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ལ་རྒྱལ་ཁབ་གཞན་གྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་ལ་འབད་བརྩོན་བྱས་པར་སྐུལ་མ་ཡང་ཐེབས་རྒྱུ་རེད་ཅེས་བཤད།
        ཀྲུང་གོར་བཅའ་སྡོད་ཧང་ག་རིའི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁུའུ་ཧྲའོ་དབྱི·ཧྲན་ཏོར་གྱིས་2020ལོར་སླེབས་སྐབས་དབུལ་ཕོངས་དབུལ་རྐྱང་རྦད་དེ་དབུལ་སྒྲོལ་ཐུབ་པར་བྱས་ནས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་ཧ་ཅང་ཆེན་པོ་འབུལ་རྒྱུ་རེད་ཅེས་བཤད།
         ཝེ་ཐེ་ནམ་གྱི་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོ་ཞིབ་འཇུག་སུའོ་ཡི་དེ་སྔའི་སུའོ་ཀྲང་ཏུའུ་ཅིན་སེན་གྱིས་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་དམིགས་བསལ་དོ་ཁུར་བྱས་ཤིང་། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ས་ཁུལ་དེ་དག་གི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཆེན་པོ་བཏང་སྟེ་ས་གནས་དེ་གའི་དམངས་ཚོགས་ལ་དེ་བས་སྟབས་བདེ་བའི་འགྲིམ་འགྲུལ་དང་ཟོག་འགྲེམས་ཆ་རྐྱེན་བསྐྲུན་ཡོད། “ཝེ་ཐེ་ནམ་གྱིས་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་དང་། དབུལ་སྐྱོར་བྱེད་ཐབས་གནད་ལ་འཕིགས་པའི་སྒོ་ནས་འདེམས་པ། ཁེ་ལས་དབུལ་སྐྱོར་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་སོགས་ཀྱི་ཐད་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ཆོག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།