འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས།

    —— འཐུས་མི་ཚོས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འཐབ་ཇུས་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་20ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་འགག་རྩ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་དེ་རེད། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་དེ་དཀའ་གནད་ཆེ་ཤོས་དང་འགག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དམིགས་བསལ་གྱི་གནད་དོན་ལ་དམིགས་བསལ་གྱི་བྱ་ཐབས་སྤྱད་ནས་དམིགས་བསལ་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས། 2018ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“གནད་སྨིན་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ”དང“ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས”ཞེས་བཏོན་ཡོད། སི་ཁྲོན་ལེའང་ཧྲན་དང་། ཡུན་ནན་ཀྲའོ་ཐུང་། ཀན་སུའུ་ལུང་ནན་བཅས་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གསུམ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་ཐད་ཁོང་ཚོའི་མྱོང་ཚོར་དང་བསམ་གཞིག་གླེང་གནང་བ་རེད།
         སློབ་གསོའི་དབུལ་སྐྱོར། ལེའང་ཧྲན་ཆེ་ཆུང་དུ་རེ་བའི་འབྲས་བཟང་སྨིན་པར་བྱས་པ།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་ཆིང་ཧེང་ཤང་ཆིང་ཧེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅི་ཁེ་ཧྲེ་ཝུའུ་ཡིས“ད་ཆ་གྲོང་ཚོའི་ནང་རྒྱ་ཡིག་དང་དབྱིས་རིགས་ཀྱི་ཡི་གེའི་བུ་བཅོལ་ཁང་གི་སློབ་ཁྲིད་ས་ཚིགས་བཙུགས་ཡོད་པས་ཕྲུ་གུ་ཚོས་སྤྱི་སྐད་ཤེས་པ་མ་ཟད་ད་དུང་གུས་ཞབས་ལྡན་པར་གྱུར་འདུག”ཅེས་དགའ་ཚོར་ཆེན་པོའི་སྒོ་ནས་འཐུས་མི་གཞན་ཚོར་གསུངས།
         སི་ཁྲོན་གྱི་ལྷོ་ནུབ་རྒྱུད་དུ་གནས་པའི་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ནི་རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་དེ་རེད། ས་ཁོངས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་དབུལ་པོའི་གནད་དོན་མངོན་གསལ་དོད་པ་དང་ཀྲོའུ་དེ་ཡོངས་ཀྱི་རྫོང་17ཁྲོད་ཀྱི་རྫོང་11ནི་ཤིན་ཏུ་དབུལ་བའི་རྫོང་ཡིན་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་སུའུ་ཀའར་པུས་དབུལ་སྐྱོར་བྱེད་པར“བློ་སྐྱོར”དང“རིག་སྐྱོར”ཁ་འབྲལ་ཐབས་མེད། སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་གལ་ཧ་ཅང་ཆེན་པོ་རེད། སི་ཁྲོན་གྱིས་མི་རིགས་ས་ཁུལ་དུ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་ཁྱོན་ཡོངས་སུ་ཁྱབ་པའི་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱབ་གདལ་བཏང་བ་དེས་ཕྲུ་གུ་ནས་དམ་འཛིན་བྱས་ཏེ་བུ་རབས་ཚ་རྒྱུད་དབུལ་པོ་ཡིན་པའི་རྩ་བ་མེད་པ་བཟོ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། “གྲོང་ཚོ་རེར་བུ་བཅོལ་ཁང་རེ”བསྐྲུན་ཏེ་དབྱིས་རིགས་འདུས་སྡོད་ཁུལ་གྱི་ཕྲུ་གུ་ཚོ་འགོ་འཛུགས་ས་གཅིག་པའི་ཐོག་ནས་མཉམ་དུ་འཚར་ལོངས་ཡོང་བ་བྱས་ཏེ་ལེའང་ཧྲན་འཕེལ་རྒྱས་ཆེད་རེ་བའི་འབྲས་བཟང་སྨིན་པར་བྱས་ཡོད་ཅེས་གསུངས་པ་རེད།
         ལུང་ཁུག་ཏུ་བཙུགས་པའི་དྲ་ཐོག་ཚོང་ཁང་གིས་དབུལ་སྐྱོར་ནུས་པ་ཐོན་པ།
         2013ལོའི་ལོ་མཇུག་ཏུ་ཀན་སུའུ་ལུང་ནན་གྲོང་ཨུད་ཀྱིས་དྲ་ཐོག་ཚོང་དོན་ཐད་གཅིག་སྡུད་ཚད་བརྒལ་ཡོང་བ་བྱས་ཏེ་དྲ་སྦྲེལ་གྱིས་དབུལ་སྒྲོལ་ཆེད་ནུས་པ་ཐོན་པ་བྱེད་དགོས་ཞེས་བཏོན་པ་རེད། ཀོང་ཏུང་དུ་གླ་པ་རྒྱུག་བཞིན་པའི“བརྒྱ་བཅུའི་ནང་སྐྱེས”ཀྱི་གཞོན་ནུ་མ་ལེའང་ཆིང་ཅོན་གྱིས་གནས་ཚུལ་དེ་ཤེས་རྗེས་ལས་གནས་ནས་དགོངས་པ་ཞུས་ཏེ་དྲ་ཐོག་ལས་གཏོད་ནང་ཞུགས་པ་རེད།
         ཟླ་བ་ཁ་ཤས་རྗེས་སུ་ལེའང་ཆིང་ཅོན་གྱི་དྲ་ཐོག་ཚོང་ཁང་གིས་གྲོང་ཚོར་ཕན་པ་ཆེན་པོ་ཐོབ་ཡོད། དྲ་ཐོག་ནས་ཞིང་ལས་ཐོན་རྫས་དང་། སྟར་ཁ། རི་སྐྱེས་སྔོ་ཚལ་བཅས་ཚང་མ་བཙོངས་པར་ཡོང་འབབ་མང་པོ་བྱུང་སྟེ་ཚོང་ཇེ་ཡག་ཏུ་འགྲོ་གི་ཡོད།
         དྲ་ཐོག་ཚོང་ཁང་ལ་བརྟེན་ནས་ཞིང་ཞོར་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཞིང་དུད་དཀྱུས་མར་སྐུལ་སྤེལ་ཐེབས་པ་མ་ཟད། གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་30ལྷག་ཙམ་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་ཐུབ་ཡོད། ཁོང་ཚོས་དྲ་ཐོག་ཚོང་ཁང་ལ་དུས་ཡུན་རིང་པོ་ཚོང་ཟོག་མཁོ་འདོན་བྱས་པས་དབུལ་སྒྲོལ་ལམ་བུ་འཚོལ་ཐུབ་པ་བྱུང་ཡོད། ལེའང་ཆིང་ཅོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གིས་དྲ་ཐོག་ཚོང་ཁང་ཁོ་ནར་བརྟེན་ནས་གྲོང་ཚོ་དེ་དང་དེའི་ཉེ་འཁོར་གྱི་ཞིང་དུད་300ལྷག་ཙམ་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད་པ་དང་དེའི་ནང་དུད་ཚང་དབུལ་པོ་128ཚུད་ཡོད་པ་རེད།
         2018ལོར་ལུང་ནན་ནས་ཡིན་པའི་དྲ་ཐོག་ཚོང་ཁང་གི་སྦྱིན་བདག་ལེའང་ཆིང་ཅོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་རེད། ཁོང་གིས་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། ཕ་ཡུལ་གྱི་ཡུལ་མི་དེ་བས་མང་པོར་རོགས་རམ་བྱས་ནས་དབུལ་སྒྲོལ་ཕུགས་འདུན་མངོན་འགྱུར་ཐུབ་སོང་ཞེས་གསུངས།
         མྱུར་བགྲོད་གཞུང་ལམ་བསྐྲུན་ནས་དབུལ་སྒྲོལ་གྱི་ལམ་བུ་བཏོད་པ།
         ཀྲུང་གོའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ཚེགས་ཆེ་བའི་ས་ཁུལ་14ཡི་ནང་ནས་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ནི་མི་འབོར་དབུལ་པོ་མང་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་རེད། ཤིན་ཏུ་དབུལ་བའི་རྫོང་བདུན་གྱིས་ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་གི་བཞི་ཆ་གཅིག་ཙམ་བཟུང་ཡོད།
         “ཀྲའོ་ཐུང་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འཇུར་མིག་ཆེ་ཤོས་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དེ་རེད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་ཐུང་གྲོང་ཁྱེར་གྱི་ཧྲི་ཀྲང་ཀུའོ་ཏ་ཅིན་གྱིས་གསར་འགོད་པར་འགྲིམ་འགྲུལ་ལས་དོན་སྔོན་ལ་སྤེལ་རྒྱུའི་འཐབ་ཇུས་དེ་ཀྲའོ་ཐུང་གྲོང་ཁྱེར་གྱི་གལ་འགངས་ཆེ་བའི་དབུལ་སྐྱོར་འཐབ་ཇུས་ཀྱི་གྲས་སུ་གྱུར་ཡོད་ཅེས་གསུངས།
         ས་ཁུལ་དབུལ་པོར་མྱུར་བགྲོད་གཞུང་ལམ་སྐྲུན་རྒྱུ་དེ་ནི་ལས་སླ་བའི་བྱ་བ་ཞིག་མིན་པར་གཅིག་འདོམས་འཆར་བཀོད་དང་ཇུས་བཀོད་ཞིབ་ཚགས་བྱེད་དགོས། ཀྲའོ་ཐུང་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཚོགས་པ་རྩེ་གྲ་གདན་ཞུ་བྱས་ཏེ་ས་གནས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལག་རྩལ་དམིགས་ཚད་ཞིབ་འཇུག་བྱས་པར་བརྟེན་དུས་དེ་ནས་བཟུང་ཀྲའོ་ཐུང་འདི་ཉིད་རྒྱལ་ཡོངས་སུ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ས་གནས་རང་བཞིན་གྱི་ཚད་གཞི་ལག་བསྟར་བྱེད་མཁན་གྱི་ཀྲོའུ་དང་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད།
         མིག་སྔར་ཁྱོན་རིང་ཚད་སྤྱི་ལེ་115.648ཟིན་པའི་དབྱི་པི་མྱུར་བགྲོད་གཞུང་ལམ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད། ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་བཟོ་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཕྱིན་པར་བརྟེན་ཀྲའོ་ཐུང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུ་བཤངས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།