འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུན་གྱི་བསམ་དོན་ཇི་བཞིན་དམངས་སེམས་ཐོབ།འབད་འཐབ་བྱས་ནས་སླར་ཡང་འོད་སྟོང་གཏོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            —— ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་ བྱུང་བར་སྤྱི་ཚོགས་ལས་རིགས་ཁག་གིས་སྙིང་ཐག་པ་ནས་བརྩི་བཀུར་ཞུས་པ།
            2018ལོའི་ཟླ་3ཚེས་17ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
           གྲོང་ཁྱེར་ནས་གྲོང་གསེབ་བར་དང་། སྐམ་ས་ནས་མཐའ་མཚམས་བར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེ་ནི་ཀུན་གྱི་བསམ་དོན་ཇི་བཞིན་གྲུབ་པ་ཡིན་པ་མགྲིན་གཅིག་ཏུ་ངོས་འཛིན་བྱས་ཤིང་། དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕྱོགས་པའི་སྐབས། ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་ལ་སྙིང་དབུས་ནས་གོང་བཀུར་ཞུ་བའི་བློ་གཏད་བཅོལ་ས་བྱུང་བ་དང་། དཔའ་ངར་ཆེར་བསྐྱེད་ངང་མདུན་སྐྱོད་བྱེད་པའི་སྤྱི་མཐུན་རྒྱལ་ཁབ་ལ་བློ་སྟོབས་ཆེན་པོས་འགན་འཁྲི་འཁུར་ཕོད་པའི་ལམ་སྟོན་པ་བྱུང་བ། རླུང་བརྟེན་རླབས་གཤག་གི“ཀྲུང་གོ་རྟགས་ཅན”གྱི་གྲུ་གཟིངས་ཆེན་པོར་གཟིགས་རྒྱང་རིང་བའི་སྣེ་འཁྲིད་པ་བྱུང་ཡོད་ཅེས་ཚང་མས་བཤད།
          མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་དུང་ཕྱུར་མང་པོའི་ལྷག་བསམ་ཟོལ་མེད་ཀྱི་གོང་བཀུར་ཐོབ་པ།
          ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་པའི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་མཐོང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཕེ་ཁྲུན་ལེའང་དགའ་བས་སེམས་པ་གནོན་མི་ཐུབ་པར་མིག་ལ་མཆི་ཞག་འཁོར་བཞིན“དེ་ནི་ང་ཚོས་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ཚབ་ཞུས་ནས་གདམ་ག་གཟབ་ནན་བྱས་པ་ཞིག་ཡིན་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཀྲུང་གོ་བ་མི་རེ་ངོ་རེས་སེམས་གཏིང་ནས་གོང་བཀུར་ཞུ་བ་མཚོན་གྱི་ཡོད”ཅེས་བཤད།
          མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་བཟང་འདི་ཅང་ཤིས་ཀྱི་ཅིན་ཀང་ཧྲན་མའོ་ཕིང་ཤང་ཧྲེན་ཧྲན་གྲོང་ཚོར་ཁྱབ་ཡོད། 2016ལོའི་དཔྱིད་གསར་དུས་ཆེན་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གའི་ཡུལ་མི་ཚོར་གཟིགས་པར་ཕེབས་པ་དང་། ལོ་གཉིས་རིང་ཧྲེན་ཧྲན་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་སྔོན་མའི་ས་ཕག་ཁང་པ་མཐོང་རྒྱུ་མེད་པར་གྱུར་པ་དང་ཁམ་བུ་སེར་པོ་དང་ཇ་ལོ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བྱུང་ཡོད། “དེ་དག་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་མི་སེར་ཡོད་པས་སྐུ་ཉིད་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་ང་ཚོས་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན”ཞེས་ལོ་77ལ་སླེབས་པའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་ཕེང་ཧྲུའེ་ཧྲེང་གིས་དེ་ལྟར་བཤད།
          སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་སྟོན་པས་ཀྲུང་གོ་འབྱོར་ཕྱུག་གི་ལམ་དུ་འཁྲིད་པ།
          ཞི་ཅིན་ཕིང་གིས་ཕྱག་གཡོན་མ་རྩ་ཁྲིམས་དེབ་ཐོག་བཞག་གནང་བ་དང་ཕྱག་གཡས་པ་བརྐྱངས་གནང་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ལྷག་ཙམ་གྱིས་དཔང་པོ་བྱས་པའི་འོག་རྔམ་བརྗིད་ལྡན་པའི་ངང་དམ་འཇོག་གནང་བ་རེད། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་རྩ་ཁྲིམས་དམ་འཇོག་ཐོག་མ་གནང་བ་སོགས་དཔྱིད་དུས་འདིར་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གོམ་སྟབས་དེ་བས་བརྟན་པོ་བྱུང་ཡོད།
          “དེ་ནི་མི་རབས་འདིར་དགོངས་པ་བཞེས་པ་དང་བུ་རབས་ཚ་རྒྱུད་ལ་འགན་བཞེས་པའི་བརྩེ་སེམས་དང་། འཁུར་ཕོད་པའི་འགན་འཁྲི། རྣམ་དཔྱོད་བཅས་ཡིན་པར་བརྟེན་ལམ་སྟོན་པ་འདི་ལྟ་བུ་ཡོད་པས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད”ཅེས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གཏམ་བཟང་བརྙན་འཕྲིན་ནས་མཐོང་ཐོས་སེམས་འགུལ་རབ་ཏུ་ཐེབས་པའི་ཀྲའོ་ལི་ཡིས་དེ་ལྟར་བཤད།
          “རྒྱལ་ཁབ་སྟོབས་ཆེན་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པར་མི་དམངས་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དགོས་པ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཀྱི་གདེང་ཚོད་བརྟན་པོ་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་མ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ནང་ཁྱབ་པར་བྱེད་དགོས་པའི་ནན་གསུངས་གནང་བ་ལས་ཁོང་གི་གཟིགས་རྒྱང་རིང་མོ་གང་ལེགས་མཚོན་ལ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཚད་མཐོའི་ཁས་ལེན་ཡང་ཐོབ་ཡོད”ཅེས་ཀྲང་ཕུང་གིས་བཤད།
          སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག་གསར་གཏོད་ལ་བརྟེན་ནས་སྐུལ་མ་གཏོང་བའི་སྟོབས་ཤུགས་ནི་སུས་ཀྱང་འགོག་ཐབས་མེད་པ་ཞིག་ལགས།
          “ཀྲུང་གོ་རྟགས་ཅན”གྲུ་གཟིངས་ཀྱི་དེད་དཔོན་གྱིས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ།
          ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམ་འཇོག་གནང་སྐབས་ཀྱི་གསུང་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཅོག་རོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་པི་ཧྲེང་ཀྲུང་གི་རྣ་ལམ་དུ་ཡུན་རིང་གྲགས་ཤིང་། པི་ཧྲེང་ཀྲུང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་འཐུས་མི་ཡིན། 2016ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཁོང་དང་བཀའ་མོལ་སྐར་མ་20ཙམ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཚོར་ལོ་ཏོག་གང་འདེབས་པ་དང་། ནོར་ལུག་རྒྱགས་གསོ་དང་ཆུ་ཐོན་གསོ་ཚགས་ལས་རིགས་འཕེལ་རྒྱས་ཇི་འདྲ་བྱུང་ཚུལ་སོགས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་པི་ཧྲེང་ཀྲུང་གི་བསམ་ཡུལ་ལས་འདས།
           “ད་ཆ་གྲོང་ཚོར་ཨར་སྐྲུན་རྒྱུ་ཆའི་བཟོ་གྲྭ་གསར་པ་དང་། ཞིང་ལས་འདེབས་འཛུགས་མཉམ་ལས་ཁང་སོགས་མཉམ་སྡེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱུང་སྟེ། 2017ལོའི་ལོ་མཇུག་ཏུ་དུད་ཚང་དབུལ་པོ་57དབུལ་པོའི་གནས་ལས་ཡོངས་སུ་སྒྲོལ་ཐུབ་ཡོད”ཅེས་པི་ཧྲེང་ཀྲུང་གིས་བཤད་པ་དང་། ཁོང་གིས་ངའི་འདུན་པ་ཆེ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཚོར་གདན་དྲངས་ཏེ་ཡུལ་མི་ཚོས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་སྙན་ལམ་དུ་ཞུ་རྒྱུ་དེ་ཡིན་ཞེས་བཤད།
           གཟའ་མཇུག་ཡིན་ནའང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྒྲོལ་མ་དཔྱིད་རྨོད་ཀྱི་འཐབ་ས་མདུན་མར་ལས་ལ་བྲེལ་བཞིན་ཡོད་པ་དང་། ཁོང་གི་ལག་ཐོགས་ཁ་པར་ལ་ལྟ་སྐབས་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བའི་གསར་འགྱུར་མྱུར་འཕྲིན་མཐོང་བ་རེད།
          “རྒྱལ་ཁབ་ཀྱི་སྲིད་ཇུས་ཧ་ཅང་ཡག རྒན་རྒོན་དང་། ཕྲུ་གུ དབང་པོ་སྐྱོན་ཅན་སོགས་ཚང་མར་ཁ་གསབ་ཡོད་པས་ཡུལ་མི་ཚོའི་འཚོ་བ་ཧ་ཅང་སྐྱིད་པོ་ཡིན། ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དེས་ང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཤུགས་ཆེ་རུ་ཕྱིན་སོང་། དེ་ནི་འབད་འབུངས་སྟོབས་བརྩོན་དང་འོད་སྟོང་སླར་ཡང་གཏོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་རེད”ཅེས་སྒྲོལ་མས་བཤད།
          འབྲི་ཆུའི་ལྷོ་བྱང་དང་ལྕགས་རི་རིང་མོའི་ཕྱི་ནང་ཀུན་ཏུ་དགའ་སྤྲོས་ཁེངས་ནས་དམངས་སེམས་གཅིག་ཏུ་འགྲིལ་བ་དང་སྟོབས་ཤུགས་རབ་ཏུ་འཕེལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་སེམས་པ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།