འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱི་དེད་དཔོན་དང་མི་དམངས་ཀྱི་ལམ་སྟོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་18ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དཔྱིད་ཀྱི་མྱུ་གུ་འབུས་ནས་རྩི་ཤིང་སྔོན་པོར་གྱུར་པའི་དུས་བཟང་འདིར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་བདམས་ཤིང་། འདེམས་ཤོག་ཆ་ཚང་ཐོབ་པའི་ཐོག་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ལས་ཏང་དང་། མི་དམངས། རྒྱལ་ཁབ་བཅས་ཀྱི་འདོད་འདུན་ཚད་མཐོའི་གཅིག་གྱུར་བྱུང་བ་གང་ལེགས་མངོན་ལ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་དང་འབོད་སྒྲའང་གང་ལེགས་མཚོན་པ་དེས་མི་དམངས་དུང་ཕྱུར་མང་པོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་བློ་གཅིག་སེམས་གཅིག་དང་གསར་འབྱེད་ཡར་བརྩོན་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་ལྷོད་མེད་བྱ་རྒྱུར་ལྕག་སྐུལ་དང་སྐུལ་མ་ཐེབས་ངེས་རེད། 
         དུས་ཚོད་ནི་རླབས་ཆེན་གྱི་བྱ་བ་རྩོམ་མཁན་དང་ཆེས་སྤྱིར་བཏང་མིན་པའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་དཔང་པོའང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་གྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཧུར་བརྩོན་རྒྱལ་སྐྱོང་དང་འགག་སྒྲོལ་དཀའ་སེལ་བྱས་ནས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་ལོ་རྒྱུས་ཀྱི་འགན་སེམས་ཆེན་པོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བཏང་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་མ་ཐེབས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པར་སྣེ་ཁྲིད་ཐུབ་ཡོད། དུས་ཐུང་ལོ་ཤས་རིང་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་པ་དང་། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པ་དོན་གཉེར་བྱ་རྒྱུར་སྐུལ་འདེད་བཏང་བར་བརྟེན་དུས་ཡུན་རིང་པོར་ཐག་གཅོད་བྱེད་བསམས་ཀྱང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཞིག་ཐག་གཅོད་ཐུབ་པ་དང་སྔོན་ཆད་སྒྲུབ་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཡོད། ལག་ལེན་ལས། ཀྲུང་ཧྭ་མི་རིགས་ཡར་ལངས་ཏེ་ཕྱུག་པོ་ཆགས་པ་ནས་སྟོབས་འབྱོར་ལྡན་པར་གྱུར་པའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་འདི་ལྟ་བུ་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། རླབས་ཆེན་འཐབ་རྩོད་ཀྱི་ལག་ལེན་གསར་པའི་ཁྲོད་གྲུབ་པའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་བློ་མཐུན་ཞི་ཅིན་ཕིང་གི་འགྱུར་མེད་ཁྲིད་སྟོན་ལས་བྱུང་བ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། 
         “མུ་ཁྱུད་རི་བོ་རྩེ་མོས་བརྗིད་པར་བརྒྱན”སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་དམག་རྒྱལ་གསུམ་བཅོས་སྐྱོང་བཅས་ཀྱི་རླབས་ཆེན་ལག་ལེན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བ་དང་ཐབས་ཇུས་ཁོང་དུ་ཆུད་པའི་གཙོ་འཛིན་གྱི་ཉམས་བཟང་གང་ལེགས་མངོན་པ་དང་། བརྩེ་བ་རྒྱལ་ཁབ་དང་མི་དམངས་ལ་འཆང་བའི་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ལེགས་པར་མངོན་པ། མར་ཁེ་སི་རིང་ལུགས་ཆབ་སྲིད་མཁས་ཅན་གྱི་ཆབ་སྲིད་ཀྱི་རྣམ་དཔྱོད་དང་ཁོག་ཡངས་དཀྱེལ་ཆེ་གང་ལེགས་མངོན་ཡོད། མི་དམངས་ལྟེ་བར་བྱེད་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་མི་དམངས་ཀྱི་ཞབས་འདེགས་པ་བཟང་པོ་སྔ་བར་ཕྱི་གསུམ་དུ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་སྲོག་ཤིང་དུ་གྱུར་ཡོད། ལག་ལེན་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་གཏོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་སྣེ་ཁྲིད་པ། ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་དགའ་གཅེས་བྱེད་པའི་ངོ་གནོང་མི་དགོས་པའི་གཙོ་འཛིན། རྒྱལ་ཁབ་ཀྱི་ངོ་གནོང་མི་དགོས་པའི་དེད་དཔོན་དང་མི་དམངས་ཀྱི་ལམ་སྟོན་པ་བཅས་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ལས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱི་འགོ་ཁྲིད་པའི“ཕྱོགས་གསུམ་གཞི་གཅིག”གི་འགོ་ཁྲིད་སྒྲིག་གཞིའི་ལམ་ལུགས་ཀྱི་བཀོད་སྒྲིག་མངོན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་ལེགས་ཆའང་ཡིན་པ་མངོན་པ་དེས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་སྒྲིག་གཞི་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་པ་ཡོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་ཡོང་ཕྱིར་ཆབ་སྲིད་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད། 
          ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་མིན། མདུན་སྐྱོད་ཀྱི་ལམ་དུ“ཉམས་སད་ཆེན་པོ་བཞི”དང“ཉེན་ཁ་བཞི”སྔར་བཞིན་གནས་པ་དང་འཕེལ་རྒྱས་ཀྱི་ཞན་ཆ་འཕྲལ་མར་གསབ་དགོས་པ་དང་ཉེན་ཁ་དང་འགྲན་སློང་ལ་སྔར་བས་དོགས་ཟོན་བྱེད་དགོས། དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཤིག་རེད། ལས་འགན་གསར་པ་ཕྲག་ཏུ་ཁུར་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་འབྲེལ་བས། ང་ཚོས་རྣམ་པ་གསར་པ་ཐོན་རྒྱུར་ངར་སློང་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་མ་བཏང་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་བས་བསྐོངས་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ཡར་རྒྱས། མི་དམངས་ཐུན་མོང་འབྱོར་ཕྱུག་བཅས་སྔར་བས་ཡོང་བར་སྐུལ་མ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་གོམ་པ་རེ་རེ་བརྟན་པོའི་ངང་སྤོ་བ་དང་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཚེ། གཞི་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འོད་སྟོང་འཕྲོ་བའི་ལེའུ་ཞིག་རྩོམ་ཐུབ་ངེས་རེད། 
         དམངས་ཀྱི་སྟོབས་ཤུགས་འགྲིལ་ན་མི་འགྲུབ་བྱ་བ་མེད། སེམས་པ་གཅིག་ཏུ་འགྲིལ་ན་རི་བོ་ཐའེ་ཧྲན་ཡིན་ཀྱང་སྤོ་ཐུབ། ད་ཆ་ལོ་རྒྱུས་ཐོག་གི་དུས་ཚོད་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་དམིགས་ཚད་དང་སྔར་བས་ཉེ་རུ་སོང་བ་དང་། ལོ་རྒྱུས་ཐོག་གི་དུས་ཚོད་གང་ལས་ཀྱང་དམིགས་ཚད་འདི་འགྲུབ་པའི་ཡིད་ཆེས་དང་ནུས་པ་སྔར་བས་ཆེ་རུ་སོང་ཡོད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་མི་སེམས་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་ཚེ། ང་ཚོས་རྣམ་པར་རྒྱལ་མི་ཐུབ་པའི་དཀའ་ངལ་མེད་ལ་ངོ་མཚར་གཏོད་མི་ཐུབ་པ་གང་ཡང་མེད།
      

    ཕྱོགས་བསྡུས་གསར་འགྱུར།