འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ"ཡོངས་འཛིན"ལ་སྔ་ཕྱིའི་སྡེབ་རྩིས་ཀློག་ཐེངས་དུང་ཕྱུར་4ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ'ཡོངས་འཛིན'ལ་སྔ་ཕྱིའི་སྡེབ་རྩིས་ཀློག་ཐེངས་དུང་ཕྱུར་4ལས་བརྒལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཨུད་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། བོད་སྐད་ཨུད་གཞུང་ལས་ཁང་ནས་འགན་འཁུར་འཁོར་སྐྱོད་བྱས་པའི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ"ཡོངས་འཛིན"ལ་སྔ་ཕྱིའི་སྡེབ་རྩིས་ཀློག་ཐེངས་དུང་ཕྱུར་4ལས་བརྒལ་བ་དང་། ཉིན་རེའི་ཆ་སྙོམས་འཚམས་འདྲི་བྱེད་ཚད་མི་ཐེངས་ཁྲི་300ཡས་མས་ཟིན་གྱི་ཡོད་པ་རེད།
         "ཡོངས་འཛིན"ཞེས་པ་གཅིག་ནི་བླ་མ་སྟེ་དགེ་རྒན་ལ་གོ་ནས་རང་གི་དགོས་མཁོར་གཞིག་ནས་དྲི་ལན་འཚོལ་ཆོག་པ་དང་། གཉིས་ནི་ཡོངས་སུ་སྟེ་ཚང་མ་འཛིན་པའི་དོན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་ནི་2013ལོའི་ཟླ་4བར་དངོས་སུ་ལས་མགོ་བརྩམས་ཤིང་། ལོ་ངོ་གསུམ་རིང་གི་དཀའ་ཚགས་ཞིབ་འཇུག་དང་གསར་སྤེལ་བྱེད་པར་བརྒྱུད་2016ལོའི་ཟླ8པའི་ཚེས་22ཉིན་དངོས་སུ་ཤར་གཏོང་བྱས་ཡོད་པ་རེད།
         "ཡོངས་འཛིན"བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་བྱེད་པའི་འགན་འཁུར་མི་སྣ་ཚེ་ལོ་ལགས་ཀྱིས་ངོ་སྤྲོད་གནང་བར། མིག་སྔར། "ཡོངས་འཛིན"ནང་གསར་འགྱུར་དང་དྲ་ངོས། བརྙན་རིས། རོལ་དབྱངས། པར་རིས་འཚོལ་བཤེར། ཤེས་བྱ་ཀུན་བཏུས། རིག་མཛོད་སོགས་ཀྱི་རྣམ་གྲངས་ཡོད་པ་དང་། གྲངས་གཞིའི་མཛོད་ནང་བོད་ཡིག་གི་ལོ་རྒྱུས་དང་རྩོམ་རིག ཆོས་ལུགས། གསོ་རིག རང་བྱུང་། དེ་བཞིན་ཚིག་མཛོད་སྣ་ཚོགས་སོགས་དཔྱད་གཞི་རིགས་38ཡོད་པ་རེད།
         རྒྱུས་ལོན་བྱེད་པ་ལྟར་ན། "ཡོངས་འཛིན"བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་འཁོར་སྐྱོད་མ་བྱས་གོང་། རྒྱལ་ནང་དུ་འཚོལ་བཤེར་མཉེན་ཆས་ནང་བོད་ཡིག་འཚོལ་བཤེར་གྱི་ནུས་པ་མེད་པ་དང་། རྒྱལ་ཕྱིར་བོད་ཡིག་འཚོལ་བཤེར་མ་ལག་སྟབས་བདེའི་རྒྱབ་སྐྱོར་མ་གཏོགས་མེད་པ་རེད།
         མིག་སྔར"ཡོངས་འཛིན"བོད་ཡིག་འཚོལ་བཤེར་མ་ལག་རྒྱལ་ནང་དུ་ལྟ་ཀློག་ས་ཁུལ་ནི་གཙོ་ཆེར་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཧྲའན་ཞི། ཡུན་ནན། ཀོང་ཏུང་། ལའོ་ཉིང་། ཅང་སུའུ། པེ་ཅིང་། ཧོང་ཁོང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར31དང་། རྒྱལ་ཁབ་ཕྱིའི་ལྟ་ཀློག་ས་ཁུལ་ལ་ཨ་རི་དང་སུའེ་ཙེར། ཧྥ་རན་སི། ཁ་ན་ཏ། པི་ལི་ཧྲི། དབྱིན་ཇི། འབྲུག་ཡུལ་སོགས་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་ཁྱབ་ཡོད་པ་རེད།
         ཚེ་ལོ་ལགས་ཀྱིས། མིག་སྔར"ཡོངས་འཛིན"དུས་མཚམས་གསུམ་པའི་ལས་ཀ་བྱེད་བཞིན་ཡོད་དེ། བརྡ་དོན་ཤེས་བྱའི་མཛོད་ཀྱི་སྒྲོམ་གཞི་དང་བོད་ཡིག་ཐོག་བཀོད་པའི་སྐད་ཆའི་རྒྱུ་ཆའི་མཛོད། གླེང་ཕྱོགས་ལྟ་ཞིབ་ཚད་ལེན་མ་ལག བརྡ་ཁྱབ་ཚོང་གཉེར་ལས་སྟེགས། ལག་ཐོགས་ཁ་པར་གྱི་appགསར་སྤེལ་སོགས་འདུས་ཡོད་པ་དང་། གོམ་སྟབས་རྗེས་མར་བོད་ཡིག་འཚོལ་བཤེར་མ་ལག་གཉེར་ཚོང་ལམ་བུ་བཏོད་ནས། "ཡོངས་འཛིན"གཉེར་སྐྱོང་དེ་གཞུང་ཕྱོགས་ནས་ཁེ་ལས་ཅན་དུ་བསྒྱུར་བར་སྐུལ་མ་བཏང་ནས་མི་མངོན་པའི་ཁྲོམ་ར་སྔོག་འདོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།