འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།གསེར་གྱི་ལྡེ་མིག་ལག་ཏུ་བཟུང་། གོང་ལ་རྒྱུགས་ལན་གསར་པ་འབུལ། 

    —— འཐུས་མི་རྣམས་ཀྱིས་ལེའོ་ཉིང་གིས་དར་རྒྱས་གོང་འཕེལ་ ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུར་གྲོས་བསྡུར་འཁྲུག་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ཐོན་ཁུངས་ཨང་དང་པོ་ཡིན་པའི་ཤེས་ལྡན་མི་སྣ་བེད་སྤྱོད་གང་ལེགས་གཏོང་ཐུབ་ཚེ་གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་འཕེལ་ཐུབ”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲེན་དབྱང་ཀུའུ་ཧྥེང་ཅི་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏའེ་ཅི་ཧྲོང་གིས་གསུངས་ཤིང་། ཁོང་གིས་ལོ་འཁོར་མོ་ཡུག་ཏུ་རྒྱལ་སྤྱིའི་སྒྲིག་བཀོད་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྟོབས་ཆེན་དང་འགྲན་རྩོད་བྱས་པས། ཤེས་ལྡན་པ་དང་གསར་གཏོད་ནི་ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཡིན་ལུགས་དངོས་སུ་ཚོར་བྱུང་ཞེས་གསུངས།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པའི་ལེའོ་ཉིང་གི་འཐུས་མི་ཚོགས་པའི་འཐུས་མི་ཚོས“འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན”པའི“ཨང་དང་པོ་གསུམ”གྱི་ཆོད་འདོམས་གལ་ཆེན་ནི་ལེའོ་ཉིང་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི“གསེར་གྱི་ལྡེ་མིག”རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས།
         དངོས་ཚན་དཔལ་འབྱོར་དར་རྒྱས་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གཏོང་བ། ཁོར་ཡུག་གོང་འཕེལ་གྱི་ཞིང་ཆེན་ཡག་ཤོས་གཏོད་ཆེད་ཀྲུང་དབྱང་གི་བླང་བྱར་གཞིགས་པ་དང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལེའོ་ཉིང་གིས་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས་དོན་འཁྱོལ་བྱས་པ་རེད།
         སྔོན་ཆད་ངར་ལྕགས་རྒྱུ་ཆའི་རིན་གོང་ཡུན་རིང་དམའ་སར་གནས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། པེན་ཀང་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཁྲེན་ཅི་ཀྲོང་ལ་སེམས་ཁྲལ་ཆེན་པོ་བྱུང་ནའང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལག་ལེན་བསྟར་བས་དཀའ་གནད་དེ་ལས་ཡོངས་སུ་གྲོལ་ཡོད། ཁྲེན་ཅི་ཀྲོང་གིས་འདས་པའི་ལོ་གཅིག་རིང་ལེའོ་ཉིང་གིས“རྩིང་ལྕགས”ཐོན་སྐྱེད་ཁེ་ལས་66གཙང་སེལ་བྱས་པ་དང་། ཐོན་ནུས་འདོར་སྒྱུར་ནི་ངར་ལྕགས་ལས་རིགས་ཡོངས་གྱོང་གུན་ནས་ཁེ་སྤོགས་སུ་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད་ཅེས་གསུངས།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བྱང་ཕྱོགས་ཧྭ་ཅིན་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཁྲུན་ཅན་གྱིས། ལེའོ་ཉིང་ལ་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་དང་། དངོས་པོ་དང་མི་ཤུགས་ཀྱི་ཐོན་ཁུངས་འབེལ་པོ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། ལག་རྩལ་གྱི་གསོག་འཇོག་ཅུང་ཚགས་ཚུད་པོ་བཅས་ཡོད་ཅིང་། “རྒྱུད་གཅིག་རྟེན་གཞི་ལྔ”འཛུགས་སྐྲུན་ནི་ལེའོ་ཉིང་གིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཕྱོགས་ཡོངས་ནས་དར་རྒྱས་མངོན་འགྱུར་དང་འཛུགས་སྐྲུན་ཧུར་ཐག་བྱེད་པའི་དགོས་ངེས་ཀྱི་གདམ་ག་རེད་ཅེས་གསུངས།
         ལེའོ་ཉིང་གི་ས་ཁོངས་སུ་འཕེལ་རྒྱས་དོ་སྙོམས་མིན་པ་དང་ཆ་ཚང་པོ་མེད་པའི་འགལ་བ་ཅུང་མངོན་གསལ་དོད་ཅིང་། ཧྲེན་དབྱང་དང་ཏ་ལེན་ལྟ་བུའི་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡོད་ལ། ཧྥུའུ་ཤིན་དང་ཁྲའོ་དབྱང་སོགས་འཕེལ་རྒྱས་ཅུང་རྗེས་སུ་ལུས་པའི་ས་ཆའང་ཡོད། ལེའོ་ཉིང་གིས་ས་ཁོངས་འཕེལ་རྒྱས་ཀྱི་དོན་དངོས་དང་ཞན་ཆར་དམིགས་ཏེ་ལེའོ་ཉིང་གི་མཚོ་རྒྱུད་དཔལ་འབྱོར་ཁུལ་དང་། ཧྲེན་དབྱང་དཔལ་འབྱོར་ཁུལ། ལེའོ་ཉིང་གི་ནུབ་བྱང་ཚད་བརྒལ། ཧྲེན་ཧྥུའུ་ཁུལ་གསར། རྫོང་ཁོངས་དཔལ་འབྱོར་བཅས་ནང་དོན་གཙོ་བོ་ལག་བསྟར་གཏིང་ཟབ་བྱེད་པའི“ས་ཁོངས་ཆེན་པོ་ལྔའི་འཕེལ་རྒྱས་ཀྱི་འཐབ་ཇུས”བཏོན་པ་རེད།
         ལེའོ་ཉིང་གི་རིམ་ཁག་སྲིད་གཞུང“ཁེ་ལས་ཚོང་ཁང་ལ་ཞབས་ཞུ་བ”བྱེད་འདོད་པའི་ཁས་ལེན་དང་ལག་ལེན་ཐད་ཁེ་ལས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལེའོ་ཉིང་སན་ཀོའུ་ཆང་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའུ་ཅིང་ཀེན་གྱིས། ཚོང་གཉེར་ཁོར་ཡུག་ཡག་པོ་ནི་གཟིགས་སྐྱོང་སྲིད་ཇུས་གང་ལས་ཀྱང་ལྷག རིམ་ཁག་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་ལ་དམ་འཛིན་བྱས་རྗེས“སྒོར་འཛུལ་དཀའ་བ་དང་། རྣམ་འགྱུར་ངན་པ། དོན་དག་སྒྲུབ་དཀའ་བའི”སྣང་ཚུལ་ནུས་ལྡན་ངང་སེལ་བ་དང་། “ལམ་སེང་སྒྲུབ་པ་དང་། གང་མགྱོགས་སྒྲུབ་པའི”སྤྱོད་ཚུལ་རིམ་གྱིས་ཆགས་པས། ཁེ་ལས་རྣམས་ལེའོ་ཉིང་དུ་གཞིས་ཆགས་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།