འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་གཉའ་རྒྱལ་མཚན་གྱིས་ལས་དང་བསོད་ནམས་ཀྱི་དབང་གིས་སྨན་པ་ཞིག་གྱུར་སོང་
    ཞེས་གསུངས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འཐུས་མི་གཉའ་རྒྱལ་མཚན་གྱིས་ལས་དང་བསོད་ནམས་ཀྱི་དབང་གིས་སྨན་པ་ཞིག་གྱུར་སོང་
ཞེས་གསུངས།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་ཕྱི་དྲོར། མི་དམངས་དྲ་བས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་གཉའ་རྒྱལ་མཚན་ལ་བཅར་འདྲི་ཞུས་པ་རེད།
        སི་ཁྲོན་ཞིང་ཆེན་དུ་བོད་སྨན་ཁང་འཛུགས་བསྐྲུན་བྱ་རྒྱུ་གྲོས་གཞི་བཏོན་པ།
         སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་གཉའ་རྒྱལ་མཚན་ནི་2018ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་སི་ཁྲོན་གྱི་འཐུས་མིར་བདམས་ཡོད་པ་དང་། འདི་ནི་ཁོང་ཉིད་ཐེངས་དང་པོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་ནས་པེ་ཅིང་དུ་སླེབས་པ་རེད། ཁོང་གིས་རང་ཉིད་ཀྱི་ལོ་མང་རིང་བོད་ཀྱི་གསོ་བའི་རིག་པའི་ཐད་ཕྱག་ལས་གནང་བའི་ཉམས་མྱོང་དང་འབྲེལ་ནས། ཚོགས་ཆེན་ཐོག་ཏུ་སི་ཁྲོན་ཞིང་ཆེན་དུ་བོད་སྨན་ཁང་འཛུགས་བསྐྲུན་དང་དར་སྤེལ་གཏོང་རྒྱུའི་ཐད་རྒྱབ་སྐྱོར་གནང་དགོས་པའི་གྲོས་གཞི་བཏོན་ཡོད་པ་རེད། 
         གསོ་བ་རིག་པ་འཕེལ་རྒྱས་དང་རྒྱུད་འཛིན་གཏོང་དགོས་ཞེས་པའི་གཏམ་བཟང་ཐོས་པ། 
         རང་ཉིད་ནི་བོད་ཀྱི་གསོ་བ་རིག་པ་ལ་ཞབས་ཞུ་བསྒྲུབས་མཁན་ཞིག་ཡིན་པའི་ཆ་ནས། བོད་ཀྱི་གསོ་བ་རིག་པ་དར་སྤེལ་དང་རྒྱུད་འཛིན་བྱ་རྒྱུ་ནི་རང་གི་འགན་འཁྲི་ཡིན་བསམ་གྱི་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་གྱི་ཐོག་ནས་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་ཐད་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་གསུང་སོང་། སྤྱི་བཏང་དུ་མི་རིགས་ཀྱི་གསོ་བ་རིག་པ་ཞེས་དབྱེ་བ་ཕྱེས་ནས་རེ་རེ་བཞིན་གསུང་མ་སོང་མོད། འོན་ཀྱང་། ཀྲུའུ་ལུགས་གསོ་བ་རིག་པའི་མིང་ཐོག་ནས་གསོ་བ་རིག་པ་འཕེལ་རྒྱས་གཏོང་བ་ལ་སྨན་ཁང་སོགས་བསྐྲུན་རྒྱུ་རྒྱབ་སྐྱོར་གང་མང་གནང་རྒྱུ་ཡིན་ཞེས་པའི་གཏམ་བཟང་ཐོས་སོང་བས་སེམས་པ་ཧ་ཅང་དགའ་བོ་བྱུང་ཞེས་གསུངས།
         ལས་དང་བསོད་ནམས་དབང་གིས་སྨན་པ་ཞིག་གྱུར་པ། 
         དེ་ཡང་ང་རང་ནི་དཀར་མཛེས་ཁུལ་སྡེ་རོང་རྫོང་ཞིང་པ་ཕལ་བ་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་བ་ཡིན་ཞིང་། ཆུང་དུས་སུ་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཐུག་སོང་ན། རྫོང་མཁར་གྱི་སྨན་ཁང་དུ་འགྲོ་མི་ཐུབ་པ་མ་ཟད། ཤང་ཐོག་གི་སྨན་ཁང་དུ་འགྲོ་རྒྱུའང་དཀའ་ཚེགས་ཆེན་པོ་ཡོད་པས། སྨན་བཅོས་ཐད་དུ་དཀའ་ངལ་ཆེན་པོ་ཡོད་པ་རེད། ང་རང་ནི་ཆུང་ཆུང་སྐབས་ནས་བོད་ཀྱི་གསོ་བ་རིག་པ་ལ་དགའ་ཞེན་ཡོད་པ་དང་། དེ་ལྟར་རིམ་བཞིན་ལས་དང་བསོད་ནམས་ཀྱི་དབང་གིས་གསོ་བ་རིག་པར་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་སོང་ལ། གསོ་རིག་གི་ལས་ཀ་བསྒྲུབས་མཁན་གྱི་སྨན་པ་ཞིག་ཀྱང་གྱུར་སོང་། ད་བར་དུ་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཀ་བྱེད་བཞིན་ཡོད་ལ། རྗེས་སོར་ཡང་མུ་མཐུད་ནས་ཤུགས་ཆེན་པོའི་ངང་ལས་དོན་བསྒྲུབ་བསམ་པའི་རེ་བ་དང་དམ་བཅའ་ཡོད་གསུངས། 
         ཤེས་ཡོན་ཅན་གྱི་སྨན་པ་གང་མང་གསོ་སྐྱོང་གནང་རྒྱུ་ནི་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་སྲོག་ཤིང་ཡིན་པ། 
         དེང་གི་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཞིགས་ན། བོད་ཀྱི་ས་ཆ་སོ་སོ་རུ་བོད་སྨན་ཁང་མང་པོ་ཡོད་པ་སྟེ། ལྗོངས་རིམ་པའི་བོད་སྨན་ཁང་དང་ཞིང་ཆེན་རིམ་པའི་བོད་སྨན་ཁང་། རྫོང་རིམ་པའི་བོད་སྨན་ཁང་སོགས་མང་པོ་ཡོད་པ་རེད། སྨན་ཁང་འཛུགས་བསྐྲུན་ཐད་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་མོད། འོན་ཀྱང་ཁ་ཡོད་དོན་ཡོད་ཀྱི་ཤེས་ལྡན་གྱི་སྨན་པ་ནི་སྨན་ཁང་སོ་སོའི་ནང་དུ་ཅུང་དཀོན་པས། དེ་ཡིན་ཕྱིར། རྗེས་ཕྱོགས་སུ་ཤེས་ལྡན་གྱི་སྨན་པ་གང་མང་ཞིག་གསོ་སྐྱོང་གནང་རྒྱུ་ལ་དོ་ཁུར་བྱ་རྒྱུ་ནི་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བའི་སྲོག་ཤིང་ལྟ་བུར་གྱུར་ཡོད་ཅེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།