འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།"2018ལོའི་དྲན་སེམས་རོགས་སྐྱོབ་ཀྲུང་གོའི་བྱ་སྤྱོད"ཀྱི་ཁག་དང་པོའི་རོགས་སྐྱོབ་རླངས་
    འཁོར་200མི་རིགས་རང་སྐྱོང་ལྗོངས་ཀྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། ཀྲུང་ཧྭ་དྲན་སེམས་འདུ་འགོད་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་དང་པཱ་ཧྲ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩས་ཚེས་12ཉིན་པེ་ཅིང་དུ་རོགས་སྐྱོབ་རླངས་འཁོར་ཞལ་འདེབས་ཕུལ་བའི་མཛད་སྒོ་འཚོགས་ནས་རང་རྒྱལ་གྱི་ས་ཁུལ་དབུལ་པོར་རིམ་རྩིས་བྱས་ན་རོགས་སྐྱོབ་རླངས་འཁོར་2411ཞལ་འདེབས་ཕུལ་བའི་རྨང་གཞིའི་ཐོག སླར་ཡང་ནང་སོག་དང་། ཀོང་ཤིས། ཤིན་ཅང་། ཉིང་ཞ་སོགས་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་བཞིའི་ཤང་གྲོང་ལྟེ་བའི་འཕྲོད་བསྟེན་ཁང་ལ་ཁག་དང་པོའི་རོགས་སྐྱོབ་རླངས་འཁོར་200ཞལ་འདེབས་ཕུལ་ནས་ས་གནས་འདི་གའི་སྨན་བཅོས་འཕྲོད་བསྟེན་གྱི་མྱུར་སྐྱོབ་ཆུ་ཚད་མཐོ་རུ་གཏོང་བ་དང་མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་རོགས་རམ་བྱས་པ་རེད།
          རྒྱལ་ཡོངས་སུ་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་14ཡོད་པའི་ནང་11གྲངས་ཉུང་མི་རིགས་ས་ཁུལ་དུ་ཡོད་པ་དང་། རྫོང་དབུལ་པོ་839ཡི་ནང་མི་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་428ཟིན་པ་དང་ཕྱེད་ཀ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཡོད། མི་རིགས་རང་སྐྱོང་རྫོང་120ཡི་ཁྲོད་རྫོང་དབུལ་པོས་70%ལྷག་ཙམ་བཟུང་ཡོད། མཐའ་མཚམས་ཁུལ་དང་རྫོང་ཁྲོད་མི་རིགས་རང་སྐྱོང་ས་ཁུལ་དང་རྫོང་གིས་111བཟུང་ཡོད། ད་ཐེངས་ཞལ་འདེབས་ཕུལ་བའི་རོགས་སྐྱོབ་རླངས་འཁོར་200ནི་ཀྲུང་ཧྭ་དྲན་སེམས་འདུ་འགོད་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་དང་པཱ་ཧྲ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་དང་དེ་བཞིན་2017ལོའི་པཱ་ཧྲ་གྲགས་ཅན་མི་སྣའི་དགེ་སྒྲུབ་མཚན་མོས་སྤྲད་པའི་ཁག་དང་པོའི་རོགས་སྐྱོབ་རླངས་འཁོར་ཡིན་པ་དང་འདི་ལོ་ད་དུང་རོགས་སྐྱོབ་རླངས་འཁོར་དེ་བས་མང་བ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་སྨན་ཁང་ལྔར་གཅིག་རྗེས་གཉིས་མཐུད་ངང་སྤྲད་དེ་མི་རིགས་ས་ཁུལ་དང་། མཐའ་མཚམས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ལོ་མཇུག་བར། ཀྲུང་ཧྭ་དྲན་སེམས་འདུ་འགོད་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་དང་པཱ་ཧྲ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩས་རིམ་རྩིས་བྱས་ན་རང་རྒྱལ་གྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་29དང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་རྫོང་དབུལ་པོ་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་རྫོང་དབུལ་པོ་855ལ་རོགས་སྐྱོབ་རླངས་འཁོར་2411ཞལ་འདེབས་ཕུལ་བ་དང“རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་592ལ་ཉུང་མཐར་ཡང་རྫོང་རེར་རོགས་སྐྱོབ་རླངས་འཁོར་3ཞལ་འདེབས་ཕུལ་བའི”གནད་སྨིན་དབུལ་སྐྱོར་གྱི་དམིགས་ཚད་ལོ་གསུམ་སྔ་སྣུར་དུ་ལེགས་གྲུབ་ཟིན་པ་དང་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་200ལ་སྨན་བཅོས་མྱུར་སྐྱོབ་དང་སྐོར་སྐྱོད་སྨན་བཅོས་དང་འོས་འགན་སྨན་བཅོས་སོགས་ཀྱི་ཞབས་ཞུ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།