འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་གི་
    ཀྲུང་གོའི་བོད་ལྗོངས་ཀྱི་སྐད་སྒྲ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཉེ་ཞའོ་དབྱང་གིས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་13ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་37པ་འཚོགས་རིང་། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱིས་ཚེས་7ཉིན་རེ་ནེ་ཝའི་ཕོ་བྲང་དུ་དབན་གོའི“བོད་ཀྱི་རིག་གནས་སྲུང་སྐྱོང་དང་གོང་འཕེལ”ཞེས་པའི་ཟུར་ཚོགས་འཚོགས་ཏེ་བོད་ཀྱིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་གོང་འཕེལ་ཐད་བྱས་པའི་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གཏིང་ཟབ་བྱས་པ་རེད།
          རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི་60ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། དེ་ནི་ཀྲུང་གོའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་རེ་ནེ་ཝའི་ཕོ་བྲང་དབན་གོར་བོད་དང་འབྲེལ་བའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་འཚོག་ཐེངས་དང་པོ་རེད།
         ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་གྱིས་ཟུར་ཚོགས་ཐོག་བོད་ཀྱི་སློབ་གྲྭའི་སློབ་གསོར་བོད་རྒྱ་སྐད་གཉིས་ཀྱི་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། སློབ་སྦྱོང་བྱེད་སྐབས་བོད་ཡིག་རྒྱུན་འཛིན་དང་བེད་སྤྱོད་རྒྱ་ཁྱབ་གཏོང་གི་ཡོད། རྒྱལ་ཁབ་ཀྱིས་བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་ལུགས་གསོ་རིག་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་སོགས་སློབ་གསོ་གསོ་སྦྱོང་རྟེན་གཞི་དང་རིགས་ཚང་བའི་ཞིབ་འཇུག་སྒྲིག་གཞི་ཁག་གཅིག་བཙུགས་པ་མ་ཟད་བོད་ཀྱི་དམངས་ཁྲོད་རིག་གནས་ལ་དམིགས་པའི་གཞི་ཁྱོན་ཆེ་ལ་རྒྱུད་རིམ་ལྡན་པའི་ཡོངས་བཤེར་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག དཔེ་སྐྲུན་བཅས་ཀྱི་ལས་དོན་ཐེངས་མང་སྔ་རྗེས་སུ་སྒྲིག་འཛུགས་བྱས་ཡོད། ཉམས་རྒུད་དུ་འགྲོ་ཉེར་ཡོད་པའི་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མང་པོ་ཞིག་ཕྱོགས་ཡོངས་ནས་མྱུར་སྐྱོབ་དང་སྲུང་སྐྱོབ་ནུས་ལྡན་ཐུབ་ནས་སླར་ཡང་འོད་སྟོང་འཕྲོ་ཐུབ་པ་བྱུང་ཡོད་ཅེས་བཤད།
         ཁོང་གིས་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་མོ་དང་། གེ་སར་སྒྲུང་། སྲོལ་རྒྱུན་གྱི་ཞབས་གཞས། ལག་ཤེས་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་པ་མ་ཟད་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་བསྡུ་རུབ་དང་། ལེགས་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་ཀྱི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད། དཔེར་ན། ཀྲུང་དབྱང་སྲིད་གཞུང་གིས་སྒོར་ཁྲི་4000ལྷག་ཙམ་བཏང་བ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ཡིག་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལོ་20ལྷག་ཙམ་སྤྱད་ནས་བོད་ཡིག་གི《བཀའ་འགྱུར》དང《བསྟན་འགྱུར》པར་ཞུ་དཔྱད་བསྡུར་དང་དཔེ་སྐྲུན་བྱས་ཡོད་ཅེས་བཤད།
         ཆོས་དད་རང་མོས་དང་འབྲེལ་བའི་དྲི་བར་ལན་འདེབས་སྐབས། དགྲ་འདུལ་གྱིས་མི་སུ་ཞིག་བོད་དུ་ཡོང་བའམ་ཡང་ན་བོད་དང་འབྲེལ་བའི་གློག་བརྙན་པར་གཞི་བལྟས་ཚེ་བག་ཆགས་དང་པོ་ནི་གང་སར་མཐོང་རྒྱུ་ཡོད་པའི་རླུང་དར་དང་མི་མང་པོ་ཆོས་སྐོར་ལ་འགྲོ་བ་སོགས་ཆོས་ལུགས་ཀྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད་པ་མཐོང་ཐུབ། ཆོས་ལུགས་ཀྱི་རྣམ་པ་འདི་རིགས་འཛམ་བུ་གླིང་ཡོངས་སུའང་སྤྱིར་ན་མཐོང་དཀོན་པོ་རེད། བོད་རྙིང་པར་གྲྭ་བཙུན་གྱི་ལྟོ་གོས་ཞན་པ་མ་ཟད་ད་དུང་བཤུ་གཞོག་དང་གཉའ་གནོན་སྣ་ཚོགས་མྱོང་དགོས་ཀྱི་ཡོད། ད་ཆ་བོད་ལ་རབ་ཏུ་བྱུང་བའི་གྲྭ་བཙུན་ཚོའི་གཞི་རྩའི་འཚོ་བའི་འགྲོ་གྲོན་སྲིད་གཞུང་ནས་ཁ་གསབ་སྤྲོད་པ་དང་གྲྭ་བཙུན་ཡོངས་རྫོགས་སྤྱི་ཚོགས་འགན་སྲུང་མ་ལག་ལ་བཅུག་ཡོད། དུས་རབས་20པའི་ལོ་རབས་80པ་ནས་བཟུང་། རྒྱལ་ཁབ་ཀྱིས་ལོ་ལྟར་ཆེད་དོན་མ་དངུལ་དང་གསེར་དངུལ་སོགས་དགོན་སྡེ་ཞིག་གསོ་དང་སྲུང་སྐྱོབ་བྱེད་པའི་ཐད་གཏོང་གི་ཡོད། དེར་བརྟེན་ཆོས་དད་རང་མོས་ནི་བོད་དུ་ཚང་མས་མཐོང་གསལ་ཞིག་རེད་ཅེས་བཤད།
         བོད་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཆེ་འཇིགས་མེད་དབང་མཚོས་གཏམ་བཤད་སྤེལ་སྐབས། མིག་སྔར་བོད་ལ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1700ལྷག་ཙམ་ཡོད་པ་ཆ་སྙོམས་མི་1800རེར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་རེ་ཡོད། སྒྲིག་ཚུད་གྲྭ་བཙུན་ཁྲི་4.6ཡོད་པ་ཆ་སྙོམས་མི་70ཡས་མས་ཁྲོད་གྲྭ་བཙུན་གཅིག་ཡོད། དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་ཁྲིམས་ལྟར་སྲུང་སྐྱོབ་ཐོབ་ཀྱི་ཡོད་ཅེས་བཤད།
         ཁོང་གིས་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཞིག་ཡིན་པའི་ངས་ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ“ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད”བྱུང་བ་མིག་མཐོང་ལག་ཟིན་བྱུང་། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་དེ་བཞིན་གྲོང་གསེབ་ཏུ་སྐྱོད་སྐབས་ལུས་ལ་སྲོལ་རྒྱུན་གྱི་བོད་ཆས་སྤྲས་པའི་མང་ཚོགས་མཐོང་ཐུབ་ལ་དར་སོ་ཆེ་བའི་གྱོན་གོས་གྱོན་པའི་ལོ་ཆུང་གཞོན་ནུའང་མཐོང་ཐུབ། ཕལ་པའི་ཁྱིམ་ཚང་དུ་སྐྱོད་སྐབས་བོད་བཟོའི་སྲོལ་རྒྱུན་གྱི་འཛིན་ཆས་དང་། མཛེས་རྒྱན། མཆོད་གཤོམ་བཅས་ཡོད་ལ་དེང་དུས་ཀྱི་གློག་ཆས་ཀྱང་ཡོད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་རྩམ་པ་དང་ཇ་བསྲུབས་མ་ལོངས་སུ་སྤྱོད་ལ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ས་ཕྱོགས་ཁག་གི་ཞིམ་ཟས་ཀྱང་ཟ་ཡི་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་པ་དང་། ལམ་བུ་དེར་བོད་ཀྱི་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་ལག་ལེན་ལས་ར་སྤྲོད་ཐུབ་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་ངེས་རེད་ཅེས་བཤད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བཀྲ་བློས་བོད་ཀྱི་སློབ་གསོས་སློབ་ཁྲིད་བྱེད་སྐབས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་རང་བཞིན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། བོད་ལྗོངས་དང་བོད་རིགས་ཁྱབ་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཆེད་མངགས་སྒྲིག་གཞིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བསླབ་གཞི་ཐུན་མོང་ཐོག་ཞིབ་འཇུག་དང་སྒྲིག་བཟོ་བྱེད་པའི་འགན་འཁུར་གྱི་ཡོད་པ་དང་། བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་སློབ་གནས་46སྤྲོད་པའི་ཆེད་ལས་མང་ཆེ་བ་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད། དེ་དང་ཆབས་ཅིག་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ཚང་མར་སློབ་ཞུགས་གོང་ནས་མཐོ་འབྲིང་བར་ལོ་15སློབ་ཡོན་མི་དགོས་པའི་སློབ་གསོ་ཐོབ་ཀྱི་ཡོད། བྱ་ཐབས་དེ་དག་ལས་བོད་མི་མི་རབས་གསར་པའི་རིག་གནས་དབང་ཆ་དང་སློབ་གསོ་ཐོབ་དབང་ལ་འགན་སྲུང་གང་ལེགས་ཐུབ་ཡོད། དེ་དག་ནི“སྔོན་བྱོན་པ་ཚོའི་བསམ་བློའི་ཡུལ་ལའང་མེད་པ་ཤ་སྟག”རེད་ཅེས་བཤད།
        ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དང་དཔལ་འབྱོར་ཁང་གི་ཞིབ་འཇུག་པ་སྐལ་བཟང་སྒྲོལ་མས་དེང་རབས་ཅན་དང་ཕྱི་ཕྱོགས་ལ་སྒོ་འབྱེད་གོམ་སྟབས་མྱུར་དུ་ཕྱིན་པ་དང་སྦྲགས་བོད་ཀྱིས་འཕེལ་རྒྱས་གཏོང་གིན་རིག་གནས་ལ་བབ་བསྟུན་སྲུང་སྐྱོབ་བྱེད་པའི་བྱ་ཐབས་སྤྱད་ཡོད། དེ་ནི་རྒྱུན་འཛིན་བྱེད་སྟངས་སྔར་བས་དགེ་མཚན་ལྡན་པ་ཞིག་རེད། བོད་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ས་ཁོངས་ཀྱི་ཁྱད་ལྡན་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་བའི་ཐད་གྲུབ་འབྲས་མི་ཉུང་བ་ཞིག་ཐོབ་ཡོད། མིག་སྔར། བོད་ལ་རིག་གནས་ཁེ་ལས་སྣ་ཚོགས་4680ཡོད་པར་ལས་ཞུགས་མི་སྣ་ཁྲི་3.2ཡོད། བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་གིས་ལྗོངས་ཡོངས་ཀྱི་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་3.01%བཟུང་བ་དེ་དུས་མཚུངས་ལས་15%ཡན་འཕར་བ་དང་། རྒྱལ་ཡོངས་ཀྱི་འཕར་ཚད་12%ལས་མཐོ་བ་ཡོད་ཅེས་བཤད།
         ཧྥ་རན་སེའི་གསར་འགོད་པ་པུའུ་ལུའེ་སི་ལེས་ཟུར་ཚོགས་ཐོག་ང་བོད་ལ་ཐེངས་3སྐྱོད་མྱོང་ཡོད། བོད་ཀྱི་སློབ་གསོ་རིག་གནས་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་མཐོང་མྱོང་། ནུབ་ཕྱོགས་བ་ཞིག་གི་ངོས་ནས་ངས་མི་དེ་བས་མང་བས་དེ་སྔའི་ལྟ་སྟངས་བསྐྱུར་ཏེ་ས་ཆ་དེ་རང་གི་མིའི་སྐད་སྒྲ་ཉན་པ་དང་། ཀྲུང་གོ་སྲིད་གཞུང་གིས་བོད་ལ་འབད་བརྩོན་བྱས་པ་མཐའ་དག་མཐོང་ཡང་མ་མཐོང་ཁུལ་མི་བྱེད་པར་བོད་ལ་ལྟ་སྟངས་གཞན་ཞིག་འཛིན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
         རེ་ནེ་ཝའི་ཕོ་བྲང་དབན་གོའི་ཟུར་ཚོགས་ལ་ད་ཐེངས་མི་མང་པོའི་དོ་སྣང་ཐོབ་པ་དང་། ཟུར་ཚོགས་སྒྲིག་འཛུགས་པས་འཁྱེར་ཡོང་བའི་དཔེ་དེབ་དང་དཔྱད་གཞི་སྣ་ཚོགས་ཟུར་ཚོགས་འགོ་ཚུགས་མ་ཐག་འཕྲལ་དུ་ཧབ་ཐོབ་བརྒྱབ་པ་གསར་འགོད་པས་ཚོགས་ར་ནས་མཐོང་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།