འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གསར་གཏོད་ཀྱི་དུས་རབས་ཀྱི་རླབས་ཆེན་སྟོབས་ཤུགས་འདོན་སྤེལ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         —— རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས“སྒུལ་ཤུགས་ཨང་དང་པོར”བལྟ་བ།
         “འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་བཅས་ཡིན”ཞེས་ཟླ་3ཚེས་7ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་དེ་ལྟར་གནང་བ་རེད།
    “སྒུལ་ཤུགས་ཨང་དང་པོར”བརྟེན་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་འདེགས་སྐྱོར་བྱས་པ།
         ལོ་40ཡི་རིང“ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ”ནས“གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པའི”བར་ཀྲུང་གོས་ཁ་ཕྱོགས་སྒྱུར་མཚམས་ཀྱི་དོན་སྙིང་ལྡན་པའི་གསར་གཏོད་ཀྱི་དུས་ཡུན་ཞིག་བཏོད་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚན་རྩལ་གྱི་ཚོགས་ཆེན་གསུམ”གྱི་ཐོག་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་པའི་དུང་བརྡ་བསྒྲགས་གནང་བ་དང་ཚན་རྩལ་གསར་གཏོད་ལྟེ་བར་བྱས་པའི་ཕྱོགས་ཡོངས་ཀྱི་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།
         —— ལྷ་གྲུ་དང་། ཟླ་བོའི་ལྷ་མོ། ཀླུ་མོ། བྱང་སྐར་སྤུན་བདུན། གནམ་གྲུ་ཆེན་པོ། རིམ་འདས་རྩིས་རྒྱག་འཕྲུལ་འཁོར་སོགས་རྒྱལ་ཁབ་ཀྱི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་བ་དང་བསྟུན་ནས་གཙོ་གནད་ཁྱབ་ཁོངས་སུ་སྔོན་དུ་མཆོང་སྐྱོད་མངོན་འགྱུར་བྱུང་བ་དང་མཚོན་རྟགས་རང་བཞིན་གྱི་གསར་གཏོད་གྲུབ་འབྲས་ཁག་གཅིག་ཐོབ་ཡོད།
         —— མིང་དོན་མཚུངས་པའི་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་ཆེན་པོར་གྱུར་ནས་དམིགས་ཚད་ཁག་གི་སྤུས་འབོར་གཉིས་ཀ་ལེགས་སུ་ཕྱིན་ཡོད། 2017ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང(ཀང་ཨའོ་ཐའེ་ཚུད་མེད)གི་གསར་གཏོད་ཁེ་བེད་ཀྱི་བདག་ཐོབ་གྲངས་འབོར་ཁྲི་135.6ཟིན་པ་དང་མི་ཁྲི་རེར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་9.8རེ་ཟིན་ཡོད།
         —— དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱས་ཤིང་། ཀུན་གཏོད་བར་མཐོངས་དང་ཚན་རྩལ་ཁེ་ལས་སྟོང་ཕྲག་ཁ་ཤས་སྐྱེད་སྲིང་དང་མྱུར་ཐོན་ཁེ་ལས་བཅུ་ཕྲག་ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་ཁུལ་19དང་རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་156དང་མཉམ་དུ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བའི་ལས་གཏོད་སྐྱེད་སྲིང་གི་སྣོད་བཅུད་འབྲེལ་ཐག་ཅིག་གྲུབ་ཡོད།
         ལོ་ལྔའི་རིང་སྤྱི་ཚོགས་ཡོངས་ཀྱིས་ཚན་ཞིབ་ལ་མ་འཇོག་བྱེད་ཚད་ཆ་སྙོམས་11%འཕར་བ་དང་། ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་52.2%ནས་57.5%བར་འཕར་བ། ཆ་སྙོམས་ཉིན་རེར་ཁེ་ལས་གསར་པ་ལྔ་སྟོང་ལྷག་ཙམ་ནས་ཁྲི་གཅིག་དང་དྲུག་སྟོང་ལྷག་ཙམ་བར་འཕར་ཡོད། ཚན་རྩལ་གསར་གཏོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་ནས་སྒུལ་ནུས་གསར་པ་འཚར་ལོངས་མགྱོགས་མྱུར་བྱུང་བ་དང་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་འགྱུར་ལྡོག་གཏིང་ཟབ་ཕྱིན་ཡོད།
    གསར་གཏོད་ལ་བརྟེན་ནས་དུས་རབས་ཀྱི་ཉམས་སད་ཐེག་ཐུབ་པ་བྱས་པ།
         ཟིལ་རླབས་དགུང་འཕྱུར་གྱི་དུས་རབས་གསར་པར་འཛམ་གླིང་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་ངོས་ནས། གསར་གཏོད་ཀྱི་དགོས་མཁོ་ནི་དུས་སྐབས་གང་ཞིག་ལས་ཀྱང་སྔར་བས་ཁ་ཚ་དགོས་གཏུགས་ཆེ་བ་དང་གསར་གཏོད་ལ་ངོས་འཛིན་བྱེད་ཚད་དུས་སྐབས་གང་ཞིག་ལས་ཀྱང་སྔར་བས་གཏིང་ཟབ་པ་ཡོད།
         —— དུས་རབས་ཀྱི་ཉམས་སད་ཐེག་ཐུབ་པ་བྱས་པ། གསར་གཏོད་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཕྱོགས་སུ་བསྐྱོད་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན།
         2018ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་བཅས་ཡིན།
    “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་རྒྱུ་ལས་སླ་པོར་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། ‘སྒུལ་ཤུགས་ཨང་དང་པོའི’ཤུགས་ཆེའི་འདེགས་སྐྱོར་དགོས་ཀྱི་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐེན་ཅིན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅ་ཅུན་གྱིས་དེ་ལྟར་གསུངས་ཤིང་། ཁོང་གིས་མིག་སྔར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་ཐོབ་པ་དང་། སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བཅས་བྱེད་པ་ཞིག་ཡིན་རུང་། ང་ཚོས་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པའི་ཐོག་ནས་མདུན་སྐྱོད་བྱེད་རིང་གི་གནད་དོན་ཐག་གཅོད་བྱེད་དགོས། དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ངེས་པར་དུ་གསར་གཏོད་ཀྱིས་སྟོབས་ཆེའི་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཡིན་དགོས་ཞེས་གསུངས་པ་རེད།
         —— སྤྱི་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ་བྱས་པ། གསར་གཏོད་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད།
    འགྲིམ་འགྲུལ་འགག་པའི་གནད་དོན་ནི་མིག་སྔའི་གྲོང་ཁྱེར་མང་པོ་ཞིག་གི་མགོ་ན་བའི་གནད་དོན་ཞིག་རེད།
         ལོ་རྒྱུས་ཡུན་རིང་ལྡན་པའི་ཧང་ཀྲོའུ་གྲོང་ཁྱེར་དུ་མི་བཟོས་རིག་ནུས་འཕྲུལ་ཆས་བསྒར་ཏེ་གྲངས་གཞིའི་ཐོག་ནས་གྲོང་ཁྱེར་ལ་བསམ་གཞིག་བྱེད་རོགས་དང་ཐབས་ཇུས་འདོན་རོགས་བྱེད་ཀྱི་ཡོད། ཚོད་ལྟའི་ས་ཁོངས་སུ་གྲོང་ཁྱེར་གྱི་རིག་ནུས་འཕྲུལ་ཆས་བརྡ་སྒྲོན་གྱི་ལམ་མདོ་128བསྒར་ནས་གློག་སྔོན་པོ་དང་དམར་པོར་དོ་དམ་ཚོད་འཛིན་བྱས་པས་འགྲོ་སྐྱོད་དུས་ཚོད་15.3%ཐུང་དུ་ཕྱིན་པ་དང་གནམ་དཔྱང་འགྲོ་ལམ་གྱི་འགྲོ་སྐྱོད་དུས་ཚོད་སྐར་མ་4.6ཐུང་དུ་ཕྱིན་ཡོད།
         འདི་ནི་གསར་གཏོད་ལ་བརྟེན་ནས་མི་དམངས་ཀྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་བསྐངས་པའི་བསྡུས་རིས་ཤིག་རེད། མིག་སྔར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་དེ་རེད། དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ནས་སྟོབས་ཆེར་བསྒྱུར་བ་དང་སྒུལ་ནུས་གསར་པའི་ནུས་པ་མུ་མཐུད་འདོན་སྤེལ་ཐུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པར་སྔར་བས་མང་བའི་གསར་གཏོད་བྱེད་དགོས།
    ཀྲུང་གོའི་གསར་གཏོད་སྔར་བས་མགྱོགས་པའི་ལམ་བུའི་ཐོག་བསྐྱོད་པ།
         ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་2018ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་བར་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པའི་ཐབས་ལམ་སྔར་བས་གསལ་དུ་བཏང་ཡོད།
         —— ཚན་རྩལ་གསར་གཏོད་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་སྤེལ་འགོ་ཚུགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་ཚོད་ལྟ་ཁང་བསྐྲུན་པ།
         —— ཚན་རྩལ་དོ་དམ་ལམ་ལུགས་ལ་སྒྱུར་བཅོས་བྱས་ནས་ལས་རྗེས་གདེང་འཇོག་བརྒྱུད་རིམ་ལ་སྣང་ཆེན་ནས་གྲུབ་འབྲས་ལ་སྣང་ཆེན་བྱ་རྒྱུར་མགྱོགས་མྱུར་བསྒྱུར་བ།
         —— དམངས་ཀྱིས་བྱ་གཞག་བསྐྲུན་རྒྱུ་དང་། ཀུན་གྱིས་གསར་གཏོད་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ།
         ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཀྲུའུ་རེན་ཨུ་ཡོན་ཏོན་ཧྲུའུ་མིན་གྱིས“རྒྱལ་ཁབ་ཀྱིས་གསར་གཏོད་ཀྱི་ཆོས་ཉིད་དང་འཚམ་པ་དང་ཚན་ཞིབ་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཚན་ཞིབ་ལས་དོན་པས་རྣམ་གྲངས་མ་དངུལ་ཆེད་རྒྱུག་རྒྱུ་ཉུང་གཏོང་དང་སེམས་རྣལ་ལ་ཕབ་སྟེ་ཞིབ་འཇུག་ལས་ལ་གཞོལ་ནས་རང་མོས་འཚོལ་ཞིབ་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་ཆེ་བ་འདོན་ཐུབ་པ་བྱེད་དགོས”ཞེས་གསུངས་པ་རེད།
         “གསར་གཏོད་ཀྱི་སྒུལ་ཤུགས་ནི་དོན་དངོས་ཐོག་ཤེས་ལྡན་མི་སྣའི་སྒུལ་ཤུགས་ཤིག་རེད”ནན་ཅིང་ནོར་སྲིད་དང་དཔལ་འབྱོར་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཨུ་ཡོན་ཁྲེང་ཡུང་པོ་ཡིས་སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གསར་གཏོད་དང་སྲིད་ཇུས་དང་ལྕག་སྐུལ་ལམ་སྲོལ་ནང་འདྲེན་བྱས་ནས་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་ཧུར་ཐག་འཕེལ་བ་དང་བློ་གྲོས་གང་ལེགས་འདོན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གོ་ཚན་རིག་ཁང་ཚན་རྩལ་འཐབ་ཇུས་བློ་འདྲི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཧྥན་ཅའོ་ཧྥུང་གིས་ཡོངས་ཁྱབ་ངང་གནས་པའི“དཔྱད་རྩོམ་ལ་བརྟེན་ནས་སྦྱངས་འབྲས་བརྟག་པའི”སྣང་ཚུལ་ལ་བསྒྱུར་བ་བཏང་ཤུགས་རྐྱེན་ཐེབས་ཤུགས་དང་བཀོལ་སྤྱོད་ཕན་འབྲས་ཚད་གཞིར་བྱེད་པའི་གྲུབ་འབྲས་གདེང་འཇོག་བྱེད་སྟངས་ཤིག་བཏོད་དེ་ཚན་ཞིབ་མི་སྣས་གསར་གཏོད་ཀྱི་སྤུས་ཚད་དང་། རིན་ཐང་། ལེགས་སྐྱེས་ངོ་མ་བཅས་ལ་སྔར་བས་སྣང་ཆེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
         “གསར་གཏོད་ནི་མི་རིགས་ཤིག་ཡར་ཐོན་ཡོང་བའི་བླ་སྲོག་ལྟ་བུ་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག ཀྲུང་ཧྭ་མི་རིགས་ཀྱི་ཆེས་ནང་དོན་ཟབ་པའི་མི་རིགས་ཀྱི་ལེགས་ཆ་ཞིག་བཅས་ཡིན”2018ལོའི་ཚོགས་འདུ་གཉིས་དུས་རབས་གསར་པའི་འཆར་འགོད་ལ་གཞིགས་ནས་འཚོགས་པ་ཞིག་རེད། གསར་གཏོད་ཀྱིས་དུས་རབས་ཀྱི་རླབས་ཆེའི་སྟོབས་ཤུགས་བཏོན་ནས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།