འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚོགས་འདུ་གཉིས་ལ་དོ་ཁུར་བྱས་ནས་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་།

    —ཧྥིན་ལན་གྱི་ཙུང་ཐུང་ཧྲའོ་ལི·ཉི་ཉི་སི་ཐོ་ལ་བཅར་འདྲི་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་12ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “འཛམ་གླིང་ཇེ་ཆུང་དུ་འགྲོ་བཞིན་པའི་སྐབས་སུ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན། ས་གོ་ལའི་མཐའ་སྣེ་གཞན་ཞིག་ཏུ་ཐོན་པའི་གནད་དོན་གང་རུང་ཚང་མས་ང་ཚོར་ཤུགས་རྐྱེན་བཟོ་གི་ཡོད། དེས་ན་ང་ཚོ་གྲུ་གཟིངས་གཅིག་གི་ཐོག་ཏུ་གནས་ཡོད”ཅེས་པ་དེ་ནི་ཧྥིན་ལན་གྱི་ཙུང་ཐུང་ཧྲའོ་ལི·ཉི་ཉི་སི་ཐོ་ཡིས་ཀྲུང་གོའི་ཚོགས་འདུ་གཉིས་མ་འཚོག་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་ཞིག་རེད།
        འཚོག་བཞིན་པའི་ཀྲུང་གོའི་ཚོགས་འདུ་གཉིས་ཐད་ཉི་ཉི་སི་ཐོ་ཡིས་ཚོགས་འདུའི་ཐོག་གཏན་འཁེལ་གང་འདྲ་ཞིག་བྱེད་རུང་། ཀྲུང་གོས་རྒྱལ་ཁབ་གཞན་ལ་ཤུགས་རྐྱེན་བཟང་པོ་ཐེབས་སྲིད་ཅེས་བརྗོད་པ་དང་ཉི་ཉི་སི་ཐོས“ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་མང་དག་ཅིག་དབུལ་སྒྲོལ་བྱུང་ཡོད། འཕེལ་རིམ་དེ་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད། ང་ཚོས་ད་དུང་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཁུར་བྱ་རྒྱུ་ཡིན། དེ་ནི་ཀྲུང་གོའི་དཔལ་འབྱོར་གྱིས་འཛམ་གླིང་གི་དཔལ་འབྱོར་དང་ཐ་ན་ཧྥིན་ལན་གྱི་དཔལ་འབྱོར་བཅས་ཚང་མར་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་ཡིན་པས་རེད། ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་མཐུད་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བརྗོད།
        ཉེ་བའི་ལོ་ཤས་རིང་། ཀྲུང་ཧྥིན་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་ཡོད། 2013ལོར་ཉི་ཉི་སི་ཐོ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་གསར་པ་འཛུགས་པ་དང་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། 2017ལོའི་ཟླ་4པར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧེར་སིན་ཁི་རུ་ཉི་ཉི་སི་ཐོ་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་ཧྥིན་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་གསོན་ཤུགས་ཀྱིས་ཁེངས་པས་ཐུན་མོང་ཐོག་ཀྲུང་ཧྥིན་གྱི་འབྱུང་འགྱུར་ལ་ཕྱོགས་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་གསར་པ་བཙུགས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་དང་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུའི་ངོས་འཛིན་གནང་བ་རེད།
         ཉི་ཉི་སི་ཐོས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་དེ་ཡོ་རོབ་མནའ་འབྲེལ་གྱི་འདོད་ཚུལ་དང་མཐུན་པས་ཕྱོགས་གཉིས་པོ་མཉམ་ལས་ཧ་ཅང་ཡག་པོ་བྱེད་ཆོག ཧྥིན་ལན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་དོན》ལག་བསྟར་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ལ“ང་ཚོས་ངེས་པར་དུ་མཉམ་ལས་ཧུར་ཐག་བྱས་ཏེ་མི་ཚང་མ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས”པའི་ངོས་འཛིན་བྱས་པ་དང་ཁོང་གིས་ཧྥིན་ལན་ནི་བྱང་སྣེའི་རྒྱལ་ཁབ་ཅིག་ཡིན་པ་དང་ས་གོ་ལའི་ཐོག་གི་ས་ཆ་གང་འདྲ་ཞིག་ནས་ཐཱན་ཕྱིར་འབུད་བྱས་པ་དེས་བྱང་སྣེར་ཤུགས་རྐྱེན་ཐེབས་སྲིད། “གལ་སྲིད་ང་ཚོའི་བྱང་སྣེ་མེད་པར་གྱུར་ན་ས་གོ་ལ་ཧྲིལ་པོ་མེད་པར་འགྱུར་རྒྱུ་རེད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།