འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་པ། 

    ——— བོད་ཀྱི་འཐུས་མི་ཚོས་དམངས་འཚོ་ལེགས་གཏོང་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཉིན་ཤས་བསྟུད་མར་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་ལ་གྲོས་ཞིབ་གནང་སྐབས། བོད་ནས་ཕེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ལ་དེའི་ཐད་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་ཚོས་འདས་ཟིན་པའི་ལོ་5ཡི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཕྱིན་ནས“འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད”ཅེས་གསུངས།
          “‘གློག་ཤུགས་མཁའ་ལམ’གྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ”
          འདི་ལོ་ལོ་41ལ་སླེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མིག་དམར་རྒོད་སྐྱེས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་པ་དང་། ཁོང་ནི་རྒྱལ་ཁབ་གློག་དྲ་གཞིས་རྩེ་གློག་འདོན་ཀུང་སིའི་གློག་འདྲེན་ཞིབ་བཤེར་པན་གྱི་བདེ་སྲུང་བ་རེད། བོད་ལྗོངས་གློག་ཤུགས་ཀྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱས་ནས་ལོ་21སོང་བའི་གློག་ཤུགས་ལས་དོན་པ་ཞིག་ཡིན་པའི་མིག་དམར་རྒོད་སྐྱེས་ནི་བོད་ཀྱི“གློག་ཤུགས་མཁའ་ལམ”འཕེལ་རྒྱས་ཕྱིན་པའི་ཐད་ཀའི་དཔང་པོ་ཞིག་ཡིན་པ་གདོན་མི་ཟའོ།
          “2011ལོའི་ཟླ་12ཚེས་9ཉིན། ཁྱོན་མ་དངུལ་སྒོར་དུང་ཕྱུར་160ལྷག་ཙམ་བཏང་བའི‘གློག་ཤུགས་མཁའ་ལམ’དང་པོ་སྟེ་མཚོ་བོད་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་འཁོར་སྐྱོད་བྱས་པ་དང་། 2014ལོའི་ཟླ་11ཚེས་20ཉིན། ཁྱོན་མ་དངུལ་སྒོར་དུང་ཕྱུར་66ལྷག་ཙམ་བཏང་བའི‘གློག་ཤུགས་མཁའ་ལམ’གཉིས་པ་སྟེ་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་འཁོར་སྐྱོད་བྱས་ཡོད། ‘གློག་ཤུགས་མཁའ་ལམ’དེ་གཉིས་འཛུགས་སྐྲུན་བྱས་པ་དེས་བོད་དུ་ཡུན་རིང་གློག་དྲ་རྐྱང་པ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད”ཅེས་མིག་དམར་རྒོད་སྐྱེས་ཀྱིས་གསུངས། རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་གློག་དྲ་རྒྱུན་ཆད་མེད་པར་འཛུགས་སྐྲུན་མགྱོགས་སུ་བཏང་བས། བོད་ཀྱི་གློག་དྲ་གཙོ་བོའི་ཁྱབ་ཁྱོན་དེ་2007ལོའི་རྫོང་25ནས་2017ལོའི་ལོ་མཇུག་གི་རྫོང་62བར་ཆེ་རུ་ཕྱིན་པ་དང་། མི་འབོར་ལ་གློག་གཏོང་ཚད་མི་གྲངས་ཁྲི་231ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་70%བཟུང་ཡོད།
         འཐུས་མི་མིག་དམར་རྒོད་སྐྱེས་ཀྱིས“‘གློག་ཤུགས་མཁའ་ལམ’གྱིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ནས་དགུན་དུས་གློག་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད”ཅེས་གསུངས། 
         འཐུས་མི་མིག་དམར་རྒོད་སྐྱེས་ཀྱི་གཏམ་བཤད་གསན་རྗེས་ལོ་56ལ་སླེབས་པའི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་དབུ་ལྕོག་ལྕོག་ངང་མོས་མཐུན་གནང་བ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡིན་པའི་ཁོང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐེངས་11ཞུགས་མྱོང་ཡོད། ལྷ་སའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་ནས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཕྱིན་པའི་བར་གྱི་སྐོར་གླེང་སྐབས་སྐལ་བཟང་སྒྲོལ་དཀར་གྱིས“འདས་ཟིན་པའི་ལོ་5ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་མང་ཤོས་ཐོབ་པའི་ལོ་5རེད་ཅེས་བརྗོད་ཆོག བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ཚང་མས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས”ཞེས་གསུངས།
          “རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པར་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་པ”
         ལོ་29ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ནས་ཡིན་ཞིང་། ཁོང་ནི་བོད་ཀྱི་འཐུས་མི་ཚོགས་པའི་ནང་གི་ལོ་ཆུང་ཤོས་ཀྱི་འཐུས་མི་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“མི་རིགས་ས་ཁུལ་དང་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་པ”དང“རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་བ་ལས། རང་རྒྱལ་གྱི་ལྷོ་པ་རིགས་ཀྱི་མི་དམངས་3600ལྷག་ཙམ་གྱི་གྲས་ཤིག་ཡིན་པའི་བཀྲ་ཤིས་རྒྱལ་མཚན་ལ་སེམས་འགུལ་ཆེན་པོ་ཐེབས་པ་རེད།
         “ཉེ་བའི་ལོ་ཤས་རིང་། ལྷོ་པ་རིགས་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཕ་ཡུལ་དུ་ལམ་དང་། གློག ཆུ་བཅས་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་མ་ཟད། ཡུལ་མི་ཚོ་སྐྱིད་སྣང་དོད་ལ་རྒྱ་ཆེ་བའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད”ཅེས་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཁྱིམ་ཚང་ཆེ་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྷོ་པ་རིགས་ཀྱི་རིག་གནས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ཅེས་གསུངས།
         “འདི་ནི་ང་ཚོས་གསར་དུ་བསྐྲུན་པའི་སྒོ་བསྟེན་སྨན་བཅོས་ཁང་ཆེན་ཡིན་ལ། ང་ཚོའི་ལས་ཀ་བྱེད་ས་ཡང་རེད”ཅེས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་འཇུ་བྱེད་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཞོན་པ་ལོ་46ལ་སླེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེ་རིང་གཡང་འཛོམས་ཀྱིས་འདས་ཟིན་པའི་ལོ་ལྔ་ཡི་རིང་ཆབ་མདོའི་གཞི་རིམ་གྱི་འཕྲོད་བསྟེན་བྱ་གཞག་དང་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོའི་སྐོར་གླེང་སྐབས་ཚང་མར་པར་རིས་ཁག་གཅིག་བསྟན་པ་རེད། བོད་ཀྱི་གསོ་བ་རིག་པའི་བྱ་གཞག་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་རིགས་ཀྱི་གསོ་བ་རིག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         “‘སློབ་གྲྭར་འགྲོ་རྒྱུ་ཡོད་པ’ནས‘སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི’བར་མཆོང་སྐྱོད་བྱུང་བ”
         འདི་ལོ་ལོ་40ལ་སླེབས་པའི་བོད་ལྗོངས་མེ་ཏོག་རྫོང་སྤང་ཞིང་ཤང་གི་འཐུས་མི་སྐལ་བཟང་བདེ་སྐྱིད་ནི་མོན་པ་རིགས་ཀྱི་དགེ་རྒན་ཞིག་རེད། ཁོང་གིས་གཏམ་བཤད་གནང་སྐབས་2013ལོར་མེ་ཏོག་རྫོང་གི་གཞུང་ལམ་སྤྱིའི་ཆ་ནས་ཤར་གཏོང་ཐུབ་ཚུན། མེ་ཏོག་རྫོང་ལ་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་གསར་པ་འགྲོ་བ་དང་བསྟུན་ནས། ས་གནས་དེ་གའི་སློབ་གསོའི་བྱ་གཞག་བྱ་འཕུར་བ་ལྟར་གོང་དུ་འཕེལ་བ་དང་སློབ་མ་ཚོའི་ཤེས་བྱ་སྦྱོང་བའི་ཐབས་ལམ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་གསུངས།
         གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལས་བྱུང་བ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་ལས་བྱུང་བ། བོད་སྐྱོར་ལས་དོན་རུ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་རོགས་སྐྱོར་ཤུགས་ཆེན་གནང་བ་ལས་བྱུང་བ་ཞིག་རེད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་གསུངས། ཁོང་གིས“རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་རང་ཉིད་ཀྱིས་ལས་ཀར་སྔར་ལས་འབད་བརྩོན་བྱེད་པ་དང་དེ་བས་ལེགས་པའི་ངང་འགན་འཁྲི་བསྒྲུབས་ཏེ་སློབ་མ་ཚང་མར་སློབ་ཚན་ཡག་པོ་ཁྲིད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད། ཕུལ་བྱུང་གི་རྒྱུན་འཛིན་པ་དང་འཛུགས་སྐྲུན་པ་མང་པོ་གསོ་སྐྱོང་བྱ་རྒྱུ་ཡིན”ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།