འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི“ཚོགས་འདུ་གཉིས་འཚོག་པའི་དུས”རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྲུང་གོར་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དེ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་འཚོགས་པ་ལས་ཀྲུང་གོར“ཚོགས་འདུ་གཉིས”དངོས་སུ་འགོ་ཚུགས་པ་མཚོན་ཞིང་། འདི་ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ཀྱི་ལོ་དང་། ཀྲུང་གོས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་འཛིན་རྗེས་མཐུད་བྱེད་པའི་འགག་རྩའི་ལོ་བཅས་ཡིན་པར་བརྟེན་འདི་ལོའི་ཚོགས་འདུ་གཉིས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། ཕྱི་རྒྱལ་གྱི་གླེང་ཕྱོགས་ཀྱིས་ད་རེས་ཀྱི་ཚོགས་འདུ་གཉིས་ཀྱིས་ཀྲུང་གོར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་རྒྱུ་ཡིན་པའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱེད་བཞིན་ཡོད།
         ཁུ་པའི་ལ་ཏིང་མེ་གླིང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་3000ལྷག་ཙམ་ད་རེས་ཀྱི་ཀྲུང་གོའི་ཚོགས་འདུ་གཉིས་ལ་ཞུགས་ཡོད། གྲངས་ཀ་འདིས་འདི་ལོའི་ཚོགས་འདུ་གཉིས་ལ་སྨྱན་སྦྱོར་གྱིས་དོ་ཁུར་ཆེན་པོ་བྱེད་པ་གསལ་བཤད་གང་ལེགས་ཐུབ་ཚུལ་འཁོད་ཡོད།
         འཇར་མན་གྱི་སྐད་སྒྲའི་རླུང་འཕྲིན་དྲ་ཚིགས་ཀྱིས་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་འདི་ལོའི་ཚོགས་འདུ་གཉིས་རིང་གྲོས་གཞི་གལ་ཆེན་ཁག་གཅིག་ལ་སྔར་བས་དོ་ཁུར་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
         ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། ཀྲུང་གོ་རེས་སྐོར་གསར་པའི་སྒྱུར་བཅོས་ཀྱི་དུས་འཁོར་ནང་སླེབས་ཟིན་པས་འགྱུར་ལྡོག་གལ་ཆེན་ཁག་གཅིག་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཀྲུང་གོའི་འགོ་ཁྲིད་པས་རང་ཉིད་ཀྱི་སྲིད་ཇུས་ཆེས་ཡག་ཤོས་ལག་ལེན་བསྟར་རྒྱུ་ཡིན་ཚུལ་བརྗོད་ཡོད།
         མོ་ཞི་ཁོའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། ཚོགས་འདུ་གཉིས་འཚོགས་པ་དང་བསྟུན། ཀྲུང་གོས་ལོ་འཁོར་གྱི་ཆེས་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་རྣམ་པ་ཞིག་མངོན་པའི་འགོ་འཛུགས་པ་དང་། ཀྲུང་གོ་དུས་རབས་གསར་པར་སླེབས་པ་དེས་ཀྱང་ད་རེས་ཀྱི་ཚོགས་འདུར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཚོགས་འདུའི་རིང་ཀྲུང་གོས་རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྟན་པ་དང་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་གཞི་བཟོ་བ་དང་ཆབས་ཅིག་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་ཏན་ཏིག་ཀྱང་འདོན་རྒྱུ་རེད་ཅེས་འཁོད་ཡོད།
         《རྒྱ་གར་གྱི་མྱུར་འཕྲིན་ཚགས་པར་》ཐོག་དཔྱད་གཏམ་མཁན་གྱི་རྩོམ་ཡིག་སྤེལ་ནས། ཀྲུང་གོའི་ཚོགས་འདུ་གཉིས་རིང་བཏོན་པའི་སྲིད་ཇུས་དང་གཏན་འབེབས་དག་ནི་ཀྲུང་གོས་འཕེལ་རྒྱས་ཡུན་རིང་གཏོང་རིང་བཏོན་པའི་ཕྱི་ནང་དམིགས་ཚད་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན་པ་དང་དེ་གོང་གི་སྲིད་ཇུས་དང་བསྡུར་ཚེ་རྒྱུན་མཐུད་རང་བཞིན་ངེས་ཅན་ལྡན་ལ་འགྱུར་ལྡོག་ཀྱང་འོང་རྒྱུ་རེད་ཅེས་འཁོད་པ་དང་། རྩོམ་ཡིག་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། དམིགས་ཚད་ནི་ཆུ་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་དང་མི་དམངས་ལ་ཕན་བདེ་སྔར་ལས་མང་བ་བསྐྲུན་རྒྱུ་དེ་རེད། ཕྱི་ནས་བལྟས་ཚེ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུའི་རེ་བ་བྱེད་ཀྱི་ཡོད། དམིགས་ཚད་འདི་གཉིས་མངོན་འགྱུར་ཡོང་བ་བྱེད་པར་སྲིད་ཇུས་ལེགས་སྒྲིག་བྱེད་པ་ནི་དོན་དངོས་དང་དགོས་ངེས་ཤིག་ཡིན་པས་དུས་ཡུན་རིང་པོའི་འཕེལ་རྒྱས་དམིགས་ཚད་ཀྱི་ཁྲིད་སྟོན་འོག་ཀྲུང་གོ་གུང་ཁྲན་ཏང་གི་མཉམ་སྡེབ་བློ་གྲོས་མངོན་པ་ཞིག་ཀྱང་རེད་ཅེས་བརྗོད་ཆོག་པའི་ངོས་འཛིན་བྱས།
         ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་རྒྱས་དབྱིན་ཇིའི་ནོ་ཏིང་ཧན་སློབ་ཆེན་གྱི་ཀྲུང་གོའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཡོད་ཨེན·ཧྲ་ལི་ཝུན་གྱི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར། ལྟ་ཞིབ་བཅའ་ཁྲིམས་སོགས་ཚུད་པའི་བྱེད་ཐབས་གལ་ཆེན་ཁག་གཅིག་བཟོས་པ་དེས་ཀྲུང་གོས་རུས་སུངས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་ཕན་པ་ཡོད་པས་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད་ཅེས་འཁོད་ཡོད།
         ཨ་རིའི་《ཧྭའར་ཁྲོམ་གཞུང་ཉིན་རེའི་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས། འདི་ལོའི་ཚོགས་འདུ་གཉིས་རིང་ཀྲུང་གོ་སྲིད་གཞུང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་གྲོས་ཞིབ་བྱེད་པར་རྒྱལ་ཁབ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་བརྗོད་ཡོད།
         དབྱིན་ཇིའི་ལུའུ་ཐུའུ་གསར་འགྱུར་ཁང་གིས་ཚོགས་འདུ་གཉིས་རིང་ཐོན་སྲིད་པའི་དཔལ་འབྱོར་སྒྱུར་བཅོས་ཀྱི་བྱེད་ཐབས་གསར་པ་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་སོགས་ཀྱི་ནང་དོན་ལ་དོ་སྣང་བྱེད་པའི་གནས་ཚུལ་བརྗོད་ཡོད། རྩོམ་ཡིག་ནང་། དཔལ་འབྱོར་བརྟན་པོ་ཡོང་བ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་བྱ་རྒྱུ་ནི་འདི་ལོའི་ཀྲུང་གོའི་ཚོགས་འདུ་གཉིས་ཀྱིས་དོ་སྣང་བྱེད་པའི་གཙོ་གནད་དང་གླེང་མང་བའི་གནད་དོན་ཞིག་ཡིན་ནའང་། དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་དུས་བབ་གསར་པའི་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་དོ་དམ་སོགས་ཀྱི་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་ལས་ཁུངས་སྒྱུར་བཅོས་ཁ་ཚ་དགོས་གཏུགས་ཡིན་པའི་ངོས་འཛིན་བྱས་ཡོད།
         རི་པིན་གྱི་ཐུན་མོང་གསར་འགྱུར་ཁང་གིས་ཀྲུང་གོ་སྲིད་གཞུང་གིས་དཔལ་འབྱོར་ཁྱབ་ཁོངས་སུ་སྒྱུར་བཅོས་ཀྱི་ཇུས་གཞི་གང་ཞིག་འདོན་རྒྱུ་ཡིན་པར་མུ་མཐུད་དོ་སྣང་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད།
         སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་བཙུགས་པའི་ཨ་རབ་ཡི་གེའི་ཚགས་པར་《འཚོ་བའི་ཚགས་པར་》ཐོག་རྩོམ་ཡིག་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་བྱེད་པའི་འཆར་གཞི་འགོད་བཞིན་ཡོད་པ་མ་ཟད། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ལུགས་བརྗོད་པ་དང་། རྩོམ་ཡིག་ནང་ཀྲུང་གོས་སྒྱུར་བཅོས་བྱེད་རྩིས་ཡོད་པའི་གཙོ་གནད་དེ་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་འགག་རྩའི་ནུས་པ་འདོན་རྒྱུ་སོགས་ལ་འཇོག་རྒྱུ་ཡིན་ཚུལ་བརྗོད་ཡོད།
         ཨ་རིའི་《མའེ་ཨ་སྨི་གདོང་ལེན་ཚགས་པར་》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་ནས། ཚོགས་འདུ་གཉིས་ནི་ཀྲུང་གོས་འདི་ལོའི་འཕེལ་རྒྱས་ཀྱི་འཆར་གཞི་དུས་བཀག་ལྟར་ལེགས་སྒྲིག་བྱེད་པའི་ལས་སྟེགས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་འཁོད་ཅིང་། ཉམས་ཞིབ་པས་ཀྲུང་གོའི་འགོ་ཁྲིད་པས་རྒྱལ་ནང་གི་འཛད་སྤྱོད་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བ་ལས་ཉོ་ཚོང་དང་མ་འཇོག་ལ་སྐུལ་སྤེལ་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་སོགས་ཀྱི་དམིགས་ཚད་འགྲུབ་རྒྱུར་གཞོལ་རྒྱུ་མིན་པའི་ངོས་འཛིན་བྱས།
         དབྱིན་ཇིའི་ལོན་ཏོན་རྒྱལ་པོ་ཚང་སློབ་གླིང་གི་ཀྲུང་གོའི་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁའེ་རུའེ་·པུའུ་ལང་གིས་འདི་ལོའི་ཚོགས་འདུ་གཉིས་ཀྱི་ནང་དོན་གཉིས་ལ་དགའ་སྣང་ཆེ་ཤོས་བྱུང་ཚུལ་བརྗོད་པ་སྟེ། གཅིག་ནི་གཞུང་ཁོངས་ཁེ་ལས་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་སོགས་ཡིན་པ་དང་། གཉིས་ནི་ཀྲུང་གོས་འཛམ་གླིང་གི་ཉོ་ཚོང་དང་མ་འཇོག་དབར་གྱི་འབྲེལ་བ་ཐག་གཅོད་གང་འདྲ་བྱ་རྒྱུ་ཡིན་པ་དེ་རེད།
         ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་ཐེངས་མང་སྤེལ་མྱོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་《ཨིར་ལན་སྐབས་བསྟུན་ཚགས་པར་》གྱི་གསར་འགོད་པ་བསླབ་པ་རྒན་གྲས་ཧོ་ཕུའུ་ཏེས། རང་ཉིད་ཀྱིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་ཀྲུང་གོའི་བཀོད་སྒྲིག་གསར་པ་དང་། སྲིད་ཇུས་གསར་པར་དོ་སྣང་ཆེན་པོ་བྱེད་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ད་རེས་ཀྱི་ཚོགས་ཆེན་གཉིས་ལ་ཇི་ལྟར་མངོན་པར་བྱེད་པའི་ཐད་ཤེས་རྟོགས་ཡོང་རེ་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།