འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཆུད་ཟོས་སུ་གཏོང་མི་རུང་།

    —— རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་03ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ཚེས་2ཉིན་པེ་ཅིང་དུ་འགོ་ཚུགས་ཤིང་། དུས་རབས་གསར་པའི་གོམ་སྟབས་དང་བསྟུན་པ་དང་། མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་རེ་སྒུག་ཕྲག་ཏུ་ཁུར་ཏེ་རྒྱལ་ཡོངས་སྲིད་གྲོས་སྐབས་གསར་པའི་ཨུ་ཡོན་2100ལྷག་ཙམ་གྱིས་རྒྱལ་སར་མཉམ་དུ་འཛོམས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་ཐབས་དང་ཇུས་འདོན་རྒྱུ་ཡིན་ཞིང་། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ་རྒྱུ་ཡིན།
          ལོ་ལྔ་དུས་འཁོར་གཅིག་དང་ལོ་ལྔ་སྐས་རིམ་ཞིག་རེད། ཀྲུང་གོའི་འཕེལ་རྒྱས་དང་ཡར་རྒྱས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་འགྲོས་དང་འབྲེལ་བ་དམ་ཟབ་ཡོད། འདས་མ་ཐག་པའི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པ་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་རྙིང་དོར་གསར་འཛུགས་བྱས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། སྒྱུར་བཅོས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་མི་དམངས་སྲིད་གྲོས་དང་སྤྱི་མཐུན་རྒྱལ་ཁབ་གཉིས་ཐོག་མཐའ་བར་གསུམ་དུ་འཕར་རྩ་མཉམ་དུ་འགུལ་གྱི་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་དུ་མི་དམངས་སྲིད་གྲོས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གང་ས་གང་ནས་མངོན་པ་དང་མི་དམངས་སྲིད་གྲོས་ཀྱི་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་གལ་ཆེན་གཅིག་ཏུ་བསྡུས་ཡོད།
         ལོ་ལྔའི་རིང་མི་དམངས་སྲིད་གྲོས་ཀྱིས་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམིགས་ཏེ་གྲོས་མོལ་སྲིད་གླེང་གི་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ཆེ་རུ་གཏོང་བ། མཐུན་སྒྲིལ་མཛའ་གྲོགས་ཀྱི་ལས་དོན་རྒྱ་ཆེར་གཏོང་བ། འགན་འཁྲི་སྒྲུབ་པའི་འཇོན་ཐང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཐུན་སྒྲིལ་དམངས་གཙོ་དང་། དོན་གཉེར་ཡར་བརྩོན། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་གསར་པ་སྔར་བས་བཏོད་ཡོད། ལོ་ལྔའི་རིང་དཔའ་མཛངས་བརྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་པ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་རྒྱ་ཆེ་ཞིང་ཕན་འབྲས་ལྡན་པའི་གྲོས་མོལ་དམངས་གཙོ་མངོན་འགྱུར་ཐུབ་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད།
         ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་བརྩམས་པ་རེད། དུས་རབས་གསར་པར་ལག་གདང་སྦྲེལ་བ་དང་། འདུ་ཤེས་གསར་པ་ལག་བསྟར་བྱེད་པ། དམིགས་ཚད་གསར་པར་ཕྱོགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱེད་པར་ང་ཚོའི་མདུན་དུ་ལྷག་པ་ནི་འགལ་ཟླ་སྣ་ཚོགས་ཀྱིས་ཁེངས་པའི་རྒྱལ་ནང་དང་རྒྱལ་སྤྱིའི་དུས་བབ་གསར་པ་ཡིན་པས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་དགོས་ཤིང་། ལྷག་པར་དུ་མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དྲང་ནུས་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་དགོས།
         བསམ་བློ་གཅིག་ཏུ་བཏང་ན་གཞི་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ། མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་འབྱུང་རྩ་རེད། ལོ་གསར་པར་རྒྱང་ལྟ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་བཏོན་པའི་ཐབས་ཇུས་བཀོད་སྒྲིག་འགངས་ཆེན་ཐོག་གཅིག་གྱུར་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་ཇུས་ཤུགས་འདོན་པ་ནི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་གཙོ་རྐང་རེད། བསམ་བློའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། བྱ་སྤྱོད་ཐད་རྒྱུན་ཆད་མེད་པར་མཐུན་སྒྲིལ་བྱེད་རྒྱ་ཆེ་རུ་བཏང་སྟེ་ཕན་མེད་ཀྱི་རྒྱུ་རྐྱེན་མཐུན་རྐྱེན་དུ་ཧུར་ཐག་འགྱུར་བར་བྱེད་པ་དང་། ཏང་ཤོག་ཁག་གི་ཚོགས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་དབར་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོར་སྐུལ་འདེད་བཏང་སྟེ། ཚོགས་ཆེན་བཅུ་དགུ་པར་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འགལ་རྐྱེན་ཉུང་བ་དང་། རམ་འདེགས་མང་བ། མཉམ་ཤུགས་ཆགས་པ་བཅས་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་བ་དང་འགན་འཁྲི་ལྕི་པོ་ཡོད།
         གྲོས་བསྡུར་བྱས་ནས་མོས་མཐུན་གཅིག་མཐུན་ཡོང་བ་དང་མཐུན་སྦྱོར་བྱས་ཚེ་ལས་དོན་འགྲུབ། དམངས་གཙོ་ལྡན་ཚེ་གཞི་ནས་གསོན་ཤུགས་ལྡན། ཁེ་ཕན་སྣ་ཚོགས་དང་བསམ་བློ་སྣེ་མང་གི་དངོས་ཡོད་གནས་ཚུལ་གྱི་མདུན་དུ་གཅིག་གྱུར་རང་བཞིན་ཁྲོད་སྣ་མང་རང་བཞིན་ལ་བརྩི་འཇོག་ཞུ་རྒྱུ་རྒྱུན་འཁྱོངས་དང་། སྣ་མང་རང་བཞིན་ལ་བསྟུན་མཁས་བྱེད་པའི་ཁྲོད་གཅིག་གྱུར་རང་བཞིན་དོན་གཉེར་བྱས་ནས་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་དགོས་པ་དང་སེམས་མཐུན་འཁོར་རྒྱ་གཏོད་དགོས། ལོ་བརྒྱ་གཉིས་ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་བ་འགན་སྒྲུབ་ཀྱི་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་དང་། འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ལས་ཀའི་ཤུགས་རྒྱག་ས་དང་གཙོ་གནད་དུ་བརྩིས་ནས་མི་དམངས་སྲིད་གྲོས་ཀྱི་ཤེས་ལྡན་པ་སྣ་འཛོམས་དང་། རིག་ནུས་གཅིག་སྡུད། འབྲེལ་གཏུག་བྱེད་ཁྱོན་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོས་མོལ་དམངས་གཙོ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་གནད་དོན་གྲོས་བསྡུར་དང་། འདྲ་མཉམ་སྤེལ་རེས། སྤེལ་རེས་ལ་ཤུགས་སྣོན། ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་ལ་ཤུགས་མང་ཙམ་བརྒྱབ་ནས་ལྷག་བསམ་ཟོལ་མེད་ངང་གྲོས་མོལ་དང་། དངོས་སྒྲུབ་ལྟ་སྐུལ། སྲིད་གླེང་གཏིང་ཟབ་བཅས་བྱས་ཚེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་མངོན་འགྱུར་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་ཐུབ་ངེས་རེད།
         འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་ཁ་ཕྱོགས་ནས་ཨུ་ཡོན་རྣམ་པས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ཐོག་མཐའ་བར་གསུམ་དུ་འབད་འབུངས་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་ཏན་ཏན་ཏིག་ཏིག་གི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ་དང་བློ་གྲོས་ལྡན་པའི་ཇུས་འདོན་པ་དང་། ལྷག་བསམ་གཞུང་དྲང་གི་ཐབས་འདོན་པ། འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རླབས་ཆེའི་ལག་ལེན་ལ་ཧུར་ཐག་ཞུགས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱ་ཆེད་འབད་འབུངས་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།