འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་དབུལ་སྐྱོར་ལས་བྱེད་པ་ས་ལར་ཤང་དུ་གཞིས་ཆགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “འཚོ་བ་ཡག་པོ་བྱུང་ན་ཉིན་ལྟར་ལོ་གསར་རེད”ཅེས་ཙན་པུའུ་ཧུའུ་གྲོང་ཚོའི་དབུལ་སྐྱོར་ལས་བྱེད་པ་ཧྥན་མིང་ཀྲོའུ་ཡིས་ལོ་གསར་སྐབས་གྲོང་ཚོའི་ནང་དུ་བསྡད་དེ་ལས་ཀ་ཏན་ཏན་ཏིག་ཏིག་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད།
         མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཁྲ་ཧན་ཏུའུ་སི་ཤང་གི་ཙན་པུའུ་ཧུའུ་གྲོང་ཚོའི་དུད་ཚང་312ཀྱི་མི་1232ཚང་མ་ས་ལར་རིགས་དང་ཧུད་རིགས་ཡིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་36ལ་མི་147ཡོད་པ་རེད། ཧྥན་མིང་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བློ་འདྲི་ཞབས་ཞུ་ལྟེ་གནས་ཀྱིས་ཙན་པུའུ་ཧུའུ་གྲོང་ཚོར་བཏང་བའི་ཧྲུའུ་ཅི་ཨང་དང་པོ་ཡིན་པ་དང་བོད་རིགས་ལས་བྱེད་པ་ཞིག་རེད།
         ད་ལོ་ལོ་70ལ་སླེབས་པའི་ཧན་ཧ་དབྱི་པུའུ་ནི་གྲོང་ཚོའི་ནང་གི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ནས་ཡིན། ཁོང་ཆུང་དུས་ནས་རྐང་པ་གཉིས་ཀ་འཕྲོ་བརླག་ཕྱིན་ཏེ་འཁར་རྒྱུག་ལ་བརྟེན་དགོས་སྟབས་ལས་ཀ་བྱེད་མི་ཐུབ་པའི་ཁར་རྒྱུན་དུ་སྨན་ཟ་དགོས་ཀྱི་ཡོད། བཟའ་ཟླ་ཧན་སོ་ཧྥེ་ཡ་ཡང་ད་ལོ་ལོ་69ལ་སླེབས་པ་དང་ས་ཞིང་མུའུ་3གྱི་འགན་གཙང་དངུལ་ལས་བཟའ་མི་གཉིས་ལ་དེ་མིན་གྱི་ཡོང་འབབ་གང་ཡང་མེད། བུ་གསུམ་ཡི་གེ་མི་ཤེས་པའི་ཁར་ལག་རྩལ་གང་ཡང་མེད་པས་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཐབས་བྲལ།
         “ཧྥན་ཧྲུའུ་ཅིར་སེམས་གཏིང་ནས་ཐུགས་རྗེ་ཆུ་ཞུ་རྒྱུ་ཡིན། བྱ་བ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ང་ཚོར་རོགས་པ་བྱེད་ཀྱི་ཡོད་པས་རང་ཉིད་ཀྱི་ཕྲུ་གུ་ལས་ཀྱང་ལྷག་པ་ཡོད”ཅེས་ཧན་སོ་ཧྥེ་ཡས་ཧྥན་མིང་ཀྲོའུ་ཡི་ལག་ནས་བཟུང་སྟེ་བཤད།
         “དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། བགྲེས་སོང་ཧན་ཧ་དབྱི་པུའི་གནས་ཚུལ་ལ་གཞིགས་ནས་ང་ཚོས་ཁོང་གི་ཕྲུ་གུ་གསུམ་ལ་འཐེན་ཐུག་བཟོ་སྟངས་བསླབ་རྒྱུའི་རེ་བ་བཏོན་པ་ཡིན། ཁོང་ཚོའི་འཐེན་ཐུག་བཟོ་བའི་ལག་རྩལ་ཡག་ཏུ་ཕྱིན་ཏེ་འཐེན་ཐུག་ཟ་ཁང་ཞིག་འཛུགས་ཐུབ་ན་ཁྱིམ་ཚང་འདི་གཞི་ནས་དངོས་འབྲེལ་དབུལ་སྒྲོལ་ཐུབ་ཀྱི་རེད། མ་མཐའི་འཚོ་བ་འགན་ལེན་དུད་ཚང་དབུལ་སྒྲོལ་བྱེད་དཀའ་བས་ལག་རྩལ་སྦྱོང་རྒྱུ་ནི་ཐབས་ཤེས་ཡག་ཤོས་རེད”ཅེས་ཧྥན་མིང་ཀྲོའུ་ཡིས་བཤད།
         ཀུ་ཤུའི་སྡོང་པོ་འཛུགས་རྒྱུ་ནི་ཧྥན་མིང་ཀྲོའུ་ཡི་རེ་བ་ཆེ་ཤོས་ཤིག་ཡིན་པས་བཅའ་སྡོད་བྱས་མ་ཐག་ཁོང་གིས་ཙན་པུའུ་ཧུའུ་གྲོང་ཚོ་དང་ཉེ་འགྲམ་གྱི་གྲོང་ཚོ་འགས་དེ་སྔ་ཀུ་ཤུའི་སྡོང་པོ་འཛུགས་མྱོང་ཡོད་པ་མ་ཟད། ཐོན་འབབ་མཐོ་བ་དང་བྲོ་བ་ཞིམ་པས་ཞིང་ཆེན་དུ་སྐད་གྲགས་ཆེན་པོ་ཡོད། ཡིན་ནའང་ནད་འབུའི་གནོད་འཚེ་ཕོག་རྗེས་ལོ་མང་པོ་བཏབ་པའི་ཀུ་ཤུ་ཡུད་ཙམ་ཞིག་མེད་པ་གྱུར་པས་ལོ་ན་མཐོ་བའི་རྒན་རྒོན་ཚང་མས་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
         ཧྥན་མིང་ཀྲོའུ་ཡིས་དུད་ཚང་དུ་བསྐྱོད་དེ་བསམ་འཆར་བསྡུ་ལེན་བྱས་པ་དང་། ཚང་མར་ཀུ་ཤུའི་སྡོང་པོ་འཛུགས་རྒྱུའི་སྐུལ་སློང་བྱས་པ་རེད། མཐར་དུད་ཚང་དབུལ་པོ་9ཡིས་ཀུ་ཤུའི་སྡོང་པོ་འཛུགས་རྒྱུའི་སེམས་ཐག་བཅད། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་རྒྱབ་སྐྱོར་འོག་ན་ནིང་གི་ཟླ་བ་བཅུ་གཅིག་པའི་ཟླ་སྟོད་དུ་ཧྥན་མིང་ཀྲོའུ་ཡིས་ཧོ་ནན་ཤུས་ཁྲང་དུ་སྤུས་ལེགས་འབྲས་བུ་ཤིང་གི་སྡོང་ཕྲུག་སོན་ཉོ་བར་ཕྱིན་པ་རེད།
         ཟླ་ཕྱེད་ཕྱིན་རྗེས་ཧྥན་མིང་ཀྲོའུ་ཡིས“ཡ་རྫི་རྫོང་གི་གནད་སྨིན་དབུལ་སྐྱོར་འབྲས་ཤིང་འདེབས་འཛུགས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་་རྣམ་གྲངས”དངོས་སུ་ལག་བསྟར་བྱས་ཏེ་བེད་མེད་དུ་བཞག་པའི་ས་ཞིང་མུའུ་60ལྷག་ཙམ་ལ་སྣ་ཁ་གསར་པའི་ཀུ་ཤུ་དང་། ཁམ་བུ། རྒུན་འབྲུམ་སོགས་ཀྱི་སྡོང་ཕྲུག་4000བཙུགས་པར་དུས་འགོར་མ་དངུལ་སྒོར་ཁྲི་15.5བཏང་ཡོད་པ་རེད།
         ཧན་ཧ་ཁེ་མུའུ་ཁྱིམ་གྱི་ལུག་ལ་ལུ་གུ་སྐྱེས་པ་གོ་ཐོས་བྱུང་རྗེས་ཧྥན་མིང་ཀྲོའུ་ཡིས་ལྟ་བར་ཕྱིན་པ་རེད། ཧན་ཧ་ཁེ་མུའུ་ཡི་ཁྱིམ་ནི་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་ཡིན་པ་དང་ཁོང་གི་ཁྱིམ་དུ་ལུག་བཞི་ལྔ་ཙམ་ཡོད་པ་རེད། གཞེས་ནིང་གི་ལོ་མཇུག་ཏུ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་མ་དངུལ་བཏང་ནས་ལུག་ཁ་ཤས་མང་དུ་བཏང་བས་ལོ་གཉིས་མ་སོང་བར་ལུག་23འཕེལ་ཡོད་པ་རེད།
         ཧྥན་མིང་ཀྲོའུ་ཡིས་ངོ་སྤྲོད་བྱས་པར། ཡ་རྫི་རྫོང་ཕྱུགས་རིགས་ཅུས་ཀྱིས་ཚན་རྩལ་རོགས་སྐྱོར་ཐེངས་མང་བྱེད་ཀྱི་ཡོད་ཅིང་། པས་ལོ་གཅིག་ལ་གྲོང་ཚོའི་ནང་དུ་ལུག་ལ་ནད་ལྟ་བ་དང་། རིམས་འགོག་སྨན་ཁབ་རྒྱགག་པ། སྨན་སྤྲོད་པ་བཅས་བྱས་པར་ཐེངས་ལྔ་ཙམ་ཡོང་ཡོད་པ་རེད།
         ཧན་ཧ་ཁེ་མུའུ་ཡིས“དེ་སྔ་ལུག་མང་པོ་ཉར་ན་ནད་ཕོག་སྟེ་མ་གནས་ཆག་གི་རེད་སྙམ་ནས་ཉར་ཕོད་ཀྱི་མི་འདུག ཧྥན་ཧྲུའུ་ཅིར་འཇོན་ཐང་ཆེན་པོ་ཡོད་པ་དང་། ཕྱུགས་རིགས་ཅུས་ཀྱི་ཕྱུགས་ནད་སྨན་པ་གདན་དྲངས་ཀྱི་ཡོད། ད་ལོར་ལུག་མང་ཙམ་ཉར་རྩིས་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།