འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་ལིའི་མ་འཇོག་གསར་པས་འཛམ་གླིང་ལ་ཕན་པ་བསྐྲུན་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁང་དབྱི། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་01ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཅི་ལི་ཚོགས་པས་མངའ་འོག་ཕྱི་རྒྱལ་ཁེ་ལས་གཙོ་བོ་བརྒྱུད་འཇར་མན་གྱི་རླངས་འཁོར་ཁེ་ལས་ཏེ་མུའུ་ལེ་མ་རྐང་ཀུང་སིའི་9.69%ཡི་བརྡས་ཐག་གཅོད་དབང་ལྡན་པའི་མ་རྐང་ཉོས་ཡོད། ད་ཐེངས་ཅི་ལིས་ཏེ་མུའུ་ལེའི་ནང་མ་རྐང་བཞག་པས་ཕྱི་རྒྱལ་གྱི་གླེང་ཕྱོགས་དང་ཁྲོམ་རའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
         2010ལོར་ཅི་ལི་ཡིས་ཝུའར་ཝུའོ་ཀུང་སི་ཉོས་པར་ཕྱིར་དྲན་བྱེད་སྐབས་ཡོ་རོབ་སྨྱན་སྦྱོར་གྱིས“སྤྱང་ཀི་སླེབས་སོང”ཞེས་བརྗོད་མྱོང་ཡོད། ཅི་ལི་ཉིད་ཡོ་རོབ་བུན་ལོན་ཉམས་ཉེན་དང་བསྟུན་ནས་ཉོ་སྒྲུབ་འབོར་ཆེན་བྱེད་མཁན་གྱི“གོ་སྐབས་རིང་ལུགས་པར”བརྩིས་ཀྱི་ཡོད། ད་ཆ་ཨ་རིའི་《ཧྭའར་ཁྲོམ་གཞུང་གི་ཉིན་རེའི་ཚགས་པར་》ཐོག་ཅི་ལི་ཡིས་ཝུའར་ཝུའོ་ནས་མ་རྐང་ཉོས་པ་དེ་གྲུབ་འབྲས་ཐོབ་པའི་སྔོན་དཔེ་མཚོན་ཞིག་ཏུ་བརྩིས་ནས་ཅི་ལི་ཏེ་མུའུ་ལེའི་མ་རྐང་ནང་ཞུགས་པའི་མཉམ་ལས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་འཁོད་ཡོད།
         ད་ཕན་ལོ་ཤས་རིང་གི་ཝུའར་ཝུའོ་ཡི་འཕེལ་རྒྱས་གནས་ཚུལ་ལ་བལྟས་ཚེ། ཅི་ལི་ཡིས་དེར་མ་འཇོག་བྱས་པ་དེ་གཉིས་ཁེའི་གྲུབ་འབྲས་ཤིག་ཡིན་པ་སྨོས་མེད་རེད། ན་ནིང་ཝུའར་ཝུའོ་ཀུང་སིའི་གོ་ལ་ཧྲིལ་པོའི་བྲིན་ཚད་ཆེས་ཆེར་འཕར་ནས་ཚོང་གཉེར་ཁེ་བཟང་27.7%འཕར་ཏེ་སུའེ་ཏེན་གྱི་ཁེ་ལཱང་དུང་ཕྱུར་141(ཨ་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་17.6ཟིན་པ)ཡི་ཟིན་ཐོ་བཏོད་པས། ཝུའར་ཝུའོ་ཉིད་སྔར་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྤུས་རྟགས་ཤིག་ཏུ་གྱུར་ཡོད། ཅི་ལི་ཡི་ངོས་ནས་བརྗོད་ན། ཝུའར་ཝུའོ་ཉོ་སྒྲུབ་བྱས་པ་དེས་ལག་རྩལ་དང་དོ་དམ་ཐད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་ཐུབ་ནས་རྒྱལ་སྤྱི་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་ཏེ་མུའུ་ལེའི་མ་རྐང་ནང་ཞུགས་རྒྱུར་རྨང་གཞི་ཡང་བཏིང་ཡོད།
        ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་མིག་རྒྱང་སྔར་བས་རིང་དུ་ཕྱིན་ཡོད། དེའང་ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོ་ཕྱོགས་དང་མ་རྩའི་མཉམ་ལས་བྱེད་སྐབས་མཐོང་ཆེན་བྱ་ཡུལ་ཞིག་ཏུ་གྱུར་ཡོད། ཝུའར་ཝུའོ་ཡི་སྤྱི་ཁྱབ་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་འཁུར་མཁན་ཧོ་ཁན·ས་མུའུ་ཨའར་སུང་གིས། 2010ལོ་ནས་བཟུང་ཀུང་སིའི་ལས་སྒོར་འགྱུར་ལྡོག་ཆེན་པོ་བྱུང་ནས་ཀུང་སིས་གོ་ལ་ཧྲིལ་པོ་ཅན་གྱི་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། གློག་སྒུལ་རླངས་འཁོར་དང་རང་འགུལ་འཁོར་གཏོང་སོགས་ལ་དམིགས་ནས་ཁ་གསལ་གྱི་འཐབ་ཇུས་ཀྱང་བཟོས་ཡོད་ཅེས་བཤད།
         ད་ཐེངས་ཉོ་སྒྲུབ་ལེགས་གྲུབ་བྱུང་རྗེས་ཅི་ལི་ཀུང་སི་ཉིད་པན་ཁྲེའི་ཀུང་སི་ཨ་མ་ཏེ་མུའུ་ལེའི་རྐང་བདག་ཆེ་ཤོས་སུ་འགྱུར་རྒྱུ་མ་ཟད། ཡུན་རིང་དེའི་རྐང་དབང་ཉར་རྒྱུའི་ཁས་ལེན་ཡང་བྱས་ཡོད། འཇར་མན་སྨྱན་སྦྱོར་གྱིས་ཅི་ལི་ཡིས་དོ་ཁུར་བྱེད་པ་ནི་མ་འཇོག་གི་གོ་སྐབས་ཙམ་མིན་པར་ད་ཡོད་རླངས་འཁོར་ཀུང་སིའི་འཕེལ་རྒྱས་འཐབ་ཇུས་ཡིན། “ལི་ཧྲུའུ་ཧྥུའུ་ཡིས་དེ་ཨ་གསར་བྱས་པ་ཞིག་གཏན་ནས་མིན་པའི”ངོས་འཛིན་བྱེད་ཀྱི་ཡོད།
         ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བ་དང་སྦྲགས་ཕྱི་རྒྱལ་གྱི་མི་སྣ་སྔར་བས་མང་བས་ཀྲུང་གོའི་མ་འཇོག་གི་མིག་རྒྱང་རིང་བ་དང་། མཉམ་གྲོས་མཉམ་གཏོད་དར་སྤེལ། གཉིས་ཁེ་གཉིས་ཕན་དོན་གཉེར་བཅས་བྱས་པ་མཐོང་ཐུབ། ཀྲུང་གོའི་ཁེ་ལས་དང་མ་འཇོག་གིས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་རྒྱུའི་ངོས་འཛིན་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།