འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་ཆེན་ཐོན་པའི་བུ་མོ་སྲི་ཐར་གྱི་ལས་གཏོད་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་དོག་སྡེ་ལྷོ་ལམ་དུ་གནས་པའི་བོད་ཟས་ཁང་ཞིག་ནང་ལོ་20ཙམ་ལ་སོན་པའི་བོད་རིགས་བུ་མོ་ཞིག་གིས་བྲེལ་བྲེལ་འཚུབ་འཚུབ་ངང་དེ་གར་ཡོང་མཁན་མགྲོན་པོ་ཚོར་གུས་ལུགས་ཀྱི་འཛུམ་མདངས་སྟོན་བཞིན་ཡོད། མགྲོན་པོ་ཚོས་དངུལ་ཁོ་མོར་རྩིས་རྒྱག་སྐབས་གསར་འགོད་པས་བུ་མོ་དེ་བོད་ཟས་ཁང་དེའི་སྦྱིན་བདག་ཡིན་པ་གཞི་ནས་ཤེས་བྱུང་།
         ཁོ་མོར་སྲི་ཐར་ཟེར་བ་དང་བོད་བྱང་ཐང་གནམ་མཚོའི་འགྲམ་གྱི་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཡོང་བ་ཡིན་ཞིང་། དམའ་རིམ་སློབ་འབྲིང་སྐབས་ཁོ་མོ་དང་རོགས་པས་སླད་ཕྱིན་ལས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རང་ཉིད་སྦྱིན་བདག་བྱེད་བསམ་གྱི་ཡོད། 2017ལོར་སྲི་ཐར་ཤ་མོན་རྒྱ་མཚོ་ལས་རིགས་སློབ་གླིང་ནས་སློབ་གྲྭ་ཐོན་རྗེས་བོད་ཀྱིས་བཏོན་པའི་ལས་གཏོད་ཀྱི་རོགས་སྐྱོར་སྲིད་ཇུས་གསར་པ་དང་ཏག་ཏག་འཁེལ་བས་ཁོ་མོས་རང་བརྟེན་ལས་གཏོད་གདམ་ག་བྱས་ཡོད།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་ལས་གཏོད་སྣེ་ཁྲིད་ཀྱི་འཆར་གཞི་ལག་ལེན་བསྟར་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་རྣམ་གྲངས་ཀྱི་མ་རྩ་མཉམ་འདུའི་ཐབས་ལམ་རྒྱ་ཆེར་བཏང་ནས་མཐོ་སློབ་ཀྱི་སློབ་ཐོན་སློབ་མར་མ་དངུལ་མ་རྐང་ནང་ཞུགས་པ་དང་ལག་རྩལ་མ་རྐང་ནང་ཞུགས་པ་སོགས་ཀྱི་ཐབས་ལམ་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་དཔལ་འབྱོར་རྩ་འཛུགས་སམ་ཡང་ན་ཕ་ཡུལ་དུ་ལོག་ནས་ལས་གཏོད་ནང་ཞུགས་པར་རྣམ་གྲངས་དང་སྲིད་ཇུས་ཀྱི་ཐད་ནས་སྔོན་དུ་རྒྱབ་སྐྱོར་སོགས་བྱས་ཡོད།
         ན་ནིང་ཟླ་11པར། སྲི་ཐར་དང་རོགས་པ་བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ལས་གཏོད་ཞབས་ཞུ་མཛུབ་ཁྲིད་ལྟེ་གནས་སུ་ཐེམ་ཐོ་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་འགོ་འཛུགས་ཀྱི་མ་དངུལ་འདུན་ཞུ་བྱེད་པར་ཡོང་། མ་དངུལ་འདུན་ཞུ་བྱེད་པར་ལས་གཉེར་ལག་ཁྱེར་དང་། སློབ་ཐོན་ལག་ཁྱེར། ལས་ཞུགས་ལས་གཏོད་ལག་ཁྱེར་སོགས་དགོས་པ་ཤེས་འཕྲལ་སྲི་ཐར་གྱིས་མ་དངུལ་རང་གྲབས་བྱས་པ་དང་འབྲེལ་ཚོང་ཁང་ཞིག་གླས་ཏེ་ལས་གཉེར་ལག་ཁྱེར་དང་། འཕྲོད་བསྟེན་ཆོག་འཐུས་ལག་ཁྱེར། ལས་ཞུགས་ལས་གཏོད་ལག་ཁྱེར་བཅས་ཡག་པོ་གཉེར་ཏེ་ལས་གཏོད་འགོ་འཛུགས་ཀྱི་མ་དངུལ་བདེ་བླག་ངང་འདུན་ཞུ་ཐུབ་སྟེ་ལྷ་སའི་འཁྲུག་ཆ་དོད་པའི་གྲོང་ཁུལ་དུ་རང་ཉིད་ལ་དབང་བའི་བོད་ཟས་ཁང་སྟེ་ཨ་མའི་ཁྱིམ་གྱི་ཤ་ཁུའི་བོད་ཐུག་ཅེས་པ་བཙུགས།
         “དམའ་རིམ་སློབ་འབྲིང་སྐབས་རང་ཉིད་ཀྱིས་ལས་གཏོད་བྱ་རྒྱུའི་བསམ་བློ་འཁོར་མྱོང་། ཕྱིས་སུ་སློབ་ཆེན་འགྲིམ་སྐབས་ཀྱང་ལས་གཏོད་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་བོད་ཟས་ཁང་འཛུགས་རྒྱུའི་བསམ་བློ་ཇི་ལྟར་འཁོར་བའི་སྐོར་གླེང་སྐབས་སྲི་ཐར་གྱིས་འཛུམ་དམུལ་དམུལ་ངང“ཐོག་མར་རང་ཉིད་ཀྱི་བསམ་བློ་ནི་སློབ་གསོའི་ལས་ཀ་བྱས་ནས་གསོ་སྦྱོང་སྒྲིག་གཞི་ཞིག་འཛུགས་དགོས་བསམ་བྱུང་། གང་ཡིན་ཟེར་ན། ད་ཆ་བོད་ལ་དེའི་ཐད་ཀྱི་རྣམ་གྲངས་ཁ་ཐང་པོ་ཡོད་པས་ཡིན”ཞེས་བརྗོད།
         སྲི་ཐར་སློབ་ཆེན་འགྲིམ་སྐབས། ཁྱིམ་ཚང་དགེ་རྒན་བྱེད་མྱོང་ཡོད་པས་དེའི་ཐད་ཀྱི་ལས་ཀ་བྱས་ན་དཀའ་ལས་དེ་ཙམ་ཁག་པོ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། “ཕྱིས་སུ་ངས་འབྲེལ་ཡོད་སྡེ་ཚན་ལ་བློ་འདྲི་བྱས་པ་ཡིན། ཁོང་ཚོས་དེའི་ཐད་ཀྱི་ལས་གཏོད་བྱེད་པར་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་དགོས་པ་མ་ཟད། ད་དུང་མ་དངུལ་ཡང་ཧ་ཅང་མང་པོ་དགོས་ཞེས་བརྗོད་བྱུང་། ང་ཚོ་ད་ལྟ་འགོ་འཛུགས་མ་ཐག་ཡིན་པས་སྔོན་ལ་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་རིམ་པས་རྒྱ་སྟོབས་ཆེ་རུ་གཏོང་དགོས་བསམ་བྱུང”ཞེས་བཤད།
         སྲི་ཐར་གྱིས་མཐར་བོད་ཟས་ཁང་འཛུགས་རྒྱུའི་ཐག་བཅད། “དང་ཐོག་ངས་ལྷ་ས་གྲོང་ཁུལ་གྱི་ལྟེ་བར་གནས་པའི་མཐུན་སྒྲིལ་གྲོང་གསར་གྱི་ཉེ་འཁོར་དུ་འཛུགས་དགོས་བསམ་བྱུང་། དེ་གར་འགྲོ་འོང་བྱེད་མཁན་མང་བར་བརྟེན་ཡོང་འབབ་གསོག་བདེ་བའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ས་ཆ་དེར་འབྱོར་སྐབས། ཉེ་འགྲམ་དུ་ཟ་ཁང་ཧ་ཅང་མང་བ་དང་ཁོར་ཡུག་དེ་ཙམ་ཡག་པོ་མེད་པ་དང་ཚོང་ཁང་དཀར་ཆ་དོད་པོ་མེད་པ་མ་ཟད། ཚོང་ཁང་གི་བརྒྱུད་བཤུག་རིན་གོང་ཡང་མཐོ་བར་བརྟེན་རང་ཉིད་ལ་ཡོད་པའི་དངུལ་གྱིས་འདང་གི་མི་འདུག”ཅེས་བརྗོད།
         ད་ཆའི་ཚོང་ཁང་དེ་རག་སྐབས་སྲི་ཐརགཞི་ནས་བློ་བདེ་པོ་བྱུང་ཡོད། སྐབས་དེར་རྒྱལ་ཁབ་ཀྱི་ལས་གཏོད་འགོ་འཛུགས་ཀྱི་མ་དངུལ་ཁ་གསབ་ད་དུང་རག་མེད་པས་ཁོ་མོ་རང་ཉིད་ཀྱིས་མ་དངུལ་ཁག་གཅིག་གྲབས་གསོག་བྱེད་དགོས་པར་བརྟེན་ཕ་མས་ངོ་རྒོལ་བྱས། ཕ་མའི་རེ་བ་ནི་ཁོ་མོས་ལས་ཀ་བརྟན་པོ་ཞིག་འཚོལ་རྒྱུ་ལས་རང་བརྟེན་ལས་གཏོད་བྱ་རྒྱུར་མོས་པ་དེ་ཙམ་མེད་པ་རེད།
         སྲི་ཐར་ལ་སྐབས་ཤིག་རིང་དཀའ་ངལ་ཆེན་པོ་འཕྲད། འོན་ཀྱང་ཁོ་མོས་རང་ཉིད་ཀྱི་ཕུགས་བསམ་བློས་གཏོང་བྱས་མེད། “ངས་གྲངས་ཉུང་དངུལ་བུན་འདུན་ཞུ་བྱས་ཁར་གཉེན་ཉེ་དང་གྲོགས་པོ་གྲོགས་མོའི་ས་ནས་དངུལ་གཡར་བས་མཐར་ཟ་ཁང་དེ་བཙུགས་ཐུབ་པ་བྱུང་། འོན་ཀྱང་མཛེས་བཟོ་ཚང་མ་རང་ཉིད་ཀྱིས་བྱས་པ་ཡིན”ཞེས་བརྗོད་པའི་གླེང་མཚམས་སུ་བུ་མོ་ཆུང་ཆུང་དེའི་ངོ་གདོང་ནས་སྤྲོ་སྣང་དང་སྤོབས་པས་ཁེངས་བཞིན་དུ“མཐར་ཕ་མར་ཡང་ཐབས་ཤེས་མ་བྱུང་བར་ཁོང་ཚོ་ཡང་ཟ་ཁང་དུ་ང་ལ་རོགས་པ་བྱེད་པར་སླེབས་བྱུང”ཞེས་བརྗོད།
         སྐབས་འདིར་ཁོ་མོས་དགའ་ཤོས་བྱེད་པའི་བྱ་བ་ཞིག་ནི་འདུན་ཞུ་བྱས་ནས་ཡུན་རིང་སོང་བའི་ཐེམ་ཐོ་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མའི་ལས་གཏོད་འགོ་འཛུགས་ཀྱི་མ་དངུལ་ཟླ་འདིར་རག་གི་ཡོད་པས་ཡིན། “ངས་འདུན་ཞུ་བྱས་པའི་མ་དངུལ་སྒོར་ཁྲི་5སྤྱད་དེ་སླར་ཡང་ཐབ་ཚང་ནང་སྒྲིག་ཆས་ཁག་གཅིག་ཉོས་ནས་ཚལ་སྣ་མང་དུ་བཏང་ཚེ་མགྲོན་པོ་དེ་བས་མང་བ་ཡོང་ངེས་རེད”ཅེས་བཤད།
         ད་ཆ་སྲི་ཐར་གྱི་བོད་ཟས་ཁང་ཆུང་ཆུང་དེ་རིམ་པས་ལས་གཉེར་ཡག་པོ་བྱུང་ནས་ཟླ་རེར་ཡོང་འབབ་སྒོར་7000ཙམ་ཡོང་གི་ཡོད། སྲི་ཐར་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཟ་ཁང་གི་ཚོང་ཡང་སྔར་བས་ཇེ་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།