འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁོ་རེ་ཡའི་ཞིབ་དཔྱོད་ཕྱོགས་ཀྱིས་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་ལོ་30རིང་གི་བཙོན་
    འགོག་ཆད་པ་གཅོད་པའི་ཞུ་བ་ཕུལ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་28ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁོ་རེ་ཡའི་ཞིབ་དཔྱོད་ཕྱོགས་ཀྱིས་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་ལོ་30རིང་གི་བཙོན་
འགོག་ཆད་པ་གཅོད་པའི་ཞུ་བ་ཕུལ་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་27ཉིན། ལྷོ་ཁོ་རེ་ཡའི་ཞིབ་དཔྱོད་ཕྱོགས་ཀྱིས་སེ་འོལ་(Seoul)ཀྲུང་དབྱང་གི་ས་གནས་ཁྲིམས་ཁང་དུ་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཕེའོ་ཅིན་ཧུའེ་ལ་དུས་བཙོན་ལོ་30དང་ལྷོ་ཁོ་རེ་ཡའི་སྒོར་མོ་དུང་ཕྱུར་1185(མི་དམངས་ཤོག་སྒོར་དུང་ཕྱུར་6.96ཡིན་པ།)ཡི་ཆད་པ་གཅོད་པའི་ཞུ་བ་ཕུལ་བ་རེད།
          ལྷོ་ཁོ་རེ་ཡའི་ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་ཡིས་སྲིད་འཛིན་གྱི་དབང་ཆ་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དཀྲུགས་པར་མ་ཟད། རྩ་ཁྲིམས་ཀྱི་རིན་ཐང་ལ་གཏོར་བཤིག་བཏང་བས། ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་ནག་ཉེས་ཐེར་འདོན་བྱས་ཏེ་གནས་དབྱུང་བཏང་བའི་སྲིད་འཛིན་ཐོག་མར་གྱུར་པ་དང་། ལྷོ་ཁོ་རེ་ཡའི་ཁྲིམས་སྲིད་ལོ་རྒྱུས་ལ་གསུབ་ཐབས་མེད་པའི་ནག་ཐིག་བཞུག་སོང་ཞེས་བསྟན་པ་རེད།
          ན་ནིང་གི་ཟླ་4ཚེས་17ཉིན། ལྷོ་ཁོ་རེ་ཡའི་ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་གཞུང་གཏུག་བྱས་ཏེ་ཕེའོ་ཅིན་ཧུའེ་ཡིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པ་དང་། བཙན་ཤེད་ངང་ཁེ་ལས་ལ་མ་དངུལ་འདོན་དུ་བཅུག་པ། འགན་དབང་གང་བྱུང་དུ་སྤྱད་པ་སོགས་ཀྱི་ཉེས་མིང་ཁག་18ཡོད་ཚུལ་བསྟན་པ་རེད། ད་ལོའི་ལོ་འགོར། ཞིབ་དཔྱོད་ཕྱོགས་ཀྱིས་ཕེའོ་ཅིན་ཧུའེ་ལ་སྐྱོན་འདོན་ཞུ་གཏུག་3ཁ་སྣོན་བྱས་ལ། འདེམས་བསྐོའི་བཅའ་ཁྲིམས་ལ་འགལ་བ་དང་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་ལ་འགལ་བ་ཚུད་ཡོད་པ་དང་། གྱོད་དོན་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།
          ཉིན་དེར། ཕེའོ་ཅིན་ཧུའེ་ཞིབ་གཅོད་ལ་ཞུགས་མེད་པ་རེད། ཁྲིམས་ཁང་གིས་ཟླ་4ཚེས་6ཉིན། འདྲི་ཞིབ་དང་པོའི་བཅད་ཁྲ་འགོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།