འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་རྒན་མོ་ཞིག་གིས་རང་ཉིད་ཀྱི་མྱོང་ཚོར་དང་བསྟུན་ནས་བོད་ཀྱི་ལོ་གསར་གྱི་འཕོ་འགྱུར་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་27ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ལོ་86ལ་གསོན་པའི་རྒན་མོ་ཟླ་སྐྱིད་དགུང་ཟས་ཟས་རྗེས་རྒྱུན་གཏན་ལྟར་རྒྱ་ཆེ་གུ་ཡངས་པའི་སྒོ་རའི་ནང་ཉི་མ་སྲོ་བཞིན་དུ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ནས་ཡང་དུ་བསམ་བློ་གཏོང་བཞིན་ཡོད།
         “ང་ཚོ་ཕྲུ་གུའི་སྐབས་སུ་ལོ་གསར་ལ་བཟའ་རྒྱུ་སྤྱིར་ན་མེད། ཤིང་ཏོག་དང་། ཁ་ཟས། ཚགས་ཤ་སོགས་དེ་བས་ཀྱང་མེད། སྐབས་དེ་དུས་ཇ་སྲུབས་མ་ཡང་མེད་པར་ཇ་ཐང་ལ་ཕོར་མར་བརྒྱབ་སྟེ་འཐུང་གི་ཡོད”ཅེས་ཟླ་སྐྱིད་ཀྱིས་བཤད།
         སྐབས་དེ་དུས་རྒན་མོ་ཟླ་སྐྱིད་ཀྱི་ཁྱིམ་ལ་ས་ཞིང་མེད་པས་ཁྲལ་པའི་ས་ནས་ས་ཞིང་བོགས་མར་ལེན་དགོས་ཀྱི་ཡོད། ལོ་གཅིག་ལ་ས་ཞིང་ནས་འབྲུ་རིགས་ག་ཚོད་ཐོན་ཡང་དེའི་ནང་ནས་ཕྱེད་ཀ་བོགས་མར་སྤྲོད་དགོས་ཀྱི་ཡོད།
         “སྐབས་དེ་དུས་འཚོ་བ་དཀའ་ངལ་ཆེ་བས་ཉིན་ལྟར་ལྟོས་གྲོད་པ་རྒྱགས་ཀྱི་མེད། ལོ་གསར་གཏོང་བའི་སྐབས་སུའང་གཞིས་བདག་ས་ནས་འབྲུ་རིགས་གཡར་དགོས་ཀྱི་ཡོད”ཅེས་རྒན་མོ་ཟླ་སྐྱིད་ཀྱིས་བཤད།
         1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས“ཆོས་སྲིད་ཟུང་འབྲེལ”གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས། ཟླ་སྐྱིད་ལའང་བོད་ཀྱི་མང་ཚོགས་གཞན་དག་ལྟར་རང་ཉིད་ལ་དབང་བའི་ས་ཞིང་རག་པ་རེད།
         “ངས་ད་ལྟའང་སྐབས་དེ་དུས་ཀྱི་ས་ཞིང་ལག་ཁྱེར་ཉར་ཚགས་བྱས་ཡོད། འདི་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ། ངའི་བདེ་སྐྱིད་ལྡན་པའི་འཚོ་བ་འགོ་འཛུགས་སའང་ཡིན། ས་ཞིང་བགོས་རྗེས་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་སོང”ཞེས་རྒན་མོ་ཟླ་སྐྱིད་ཀྱིས་གསུངས།
         སྐབས་དེ་དུས་ཟླ་སྐྱིད་ལ་ཕྲུ་གུ་མང་བས་གནམ་མ་ལངས་གོང་ཁྱིམ་ལས་ཆ་ཚང་བྱེད་དགོས་པ་དང་ད་དུང་ཕྲུ་གུར་ལྟོ་སྟེར་ཚར་བ་བྱེད་དགོས་ཀྱི་ཡོད། དེ་ནས་གནམ་ལངས་རྗེས་ཞིང་ལས་བྱེད་པར་བསྐྱོད་དགོས་ཀྱི་ཡོད།
         དེ་ནས་ཟླ་སྐྱིད་ཕྱོགས་གང་སྤྱིའི་ཐད་ལ་ཧུར་བརྩོན་ཆེ་བས་ཏང་ནང་ཞུགས་པ་རེད། ཚོགས་འདུ་འཚོགས་རིམ་བཞིན་ཁོང་གིས་སྲིད་ཇུས་དག་གྲོང་མིར་ནན་ཏན་ངང་བརྒྱུད་བསྒྲགས་བྱེད་ཀྱི་ཡོད། དེ་ལྟར་བྱས་ནས་དཀའ་ལས་ཆེ་ཙམ་ཡོད་ཀྱང་རང་ཉིད་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་སོང་སྟབས་ཟླ་སྐྱིད་ཀྱི་སེམས་ནང“ལས་ཀ་ཇི་ཙམ་བྱས་ཀྱང་དེ་ཙམ་གྱིས་ངར་ཤུགས་འཕེལ་བ་དང་དེ་ཙམ་གྱིས་སྤྲོ་སྣང་ལྡན་པའི”ཚོར་སྣང་བྱུང་ཡོད།
         དེ་སྔོན་ཟླ་སྐྱིད་ཀྱིས་རང་ཉིད་ཀྱི་དངུལ་ཡོད་པ་ཚང་མ་བཏོན་ནས་ཕྲུ་གུ་ཚོར་བྱི་རིལ་ཉོས་ཏེ་ནང་མི་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་བརྗེད་པར་དཀའ་བའི་ལོ་གསར་ཞིག་བཏང་ཡོད།
         ད་ཆ་རྒན་མོ་ཟླ་སྐྱིད་ཀྱི་ནང་མི་མི་རབས་བཞིར་ཁྱོན་བསྡོམས་མི་གྲངས14ཡོད། ད་ལྟ་ཕྲུ་གུ་ཚང་མར་ལས་ཀ་ཡོད་ལ་ཁོང་ལའང་ལས་བྱེད་པའི་ཕོགས་སྣོན་དང་ལོ་ཆེན་རྒན་མོའི་ཕོགས་སྣོན་ཡང་ཡོད་པས་ལྟོ་གོས་ལ་སེམས་ཁྲལ་མེད་པ་མ་ཟད། ད་དུང་ལོ་གསར་ལ་གང་དགོས་ཅི་དགོས་ཀྱང་ཡོད།
         ལོ་གསར་ཚེས་གཅིག་ཉིན་རྒན་མོ་ཟླ་སྐྱིད་རྒྱུན་གཏན་ལྟར་གནམ་མ་ལངས་གོང་ལོ་གསར་པའི་ཆུ་ཕུད་ལེན་པར་འགྲོ་གི་ཡོད། ཁོང་གིས“འཚོ་བ་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་སེམས་ཀྱང་སྐྱིད་དུ་སྐྱིད་དུ་འགྲོ་གི་འདུག”ཅེས་གསུངས།
         ང་ཚོས་བཅར་འདྲི་བྱེད་སྐབས་རྒན་མོའི་ལོ་གཉིས་ལ་སླེབས་པའི་ཚ་བོ་བཀྲ་ཤིས་ཚེ་དབང་ཁང་པའི་ནང་ཡར་རྒྱུག་མར་རྒྱུག་བྱེད་པ་དང་རེ་ཙམ་ཞིག་ལ་རྨོ་བོ་ལགས་ཀྱི་པང་དུ་ཡོང་། རྒན་མོས་ཚ་བོ་པང་དུ་བླངས་ནས“ཁོང་ཚོ་དུས་རབས་བཟང་པོར་སྐྱེས་ཡོད། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཏང་གིས་གནང་བ་ཞིག་རེད”ཅེས་གསུངས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།