འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཙུག་ལག་ཁང་གི་མེ་སྐྱོན་སྐོར་གྱི་གསར་འགྱུར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་22ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་གཞུང་ཕྱོགས་ནས་ཤེས་རྟོགས་བྱུང་གསལ། ཟླ་2ཚེས་17ཉིན་ལྷ་ས་གྲོང་ཁྱེར་གཙུག་ལག་ཁང་གི་ཆ་ཤས་ལ་མེ་ཤོར་ནའང་མི་སྣ་འཆི་རྨས་བྱུང་མེད་པ་མ་ཟད། ཇོ་བོའི་སྐུ་བརྙན་ལ་ཉམས་ཆག་གང་ཡང་བྱུང་མེད། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་ཞིབ་རགས་ཙམ་བྱས་རྗེས། མིའི་རྐྱེན་གྱིས་མེ་ཤོར་བ་ཞིག་མ་ཡིན་ཅིང་། མེ་ཇི་ལྟར་ཤོར་མིན་ལ་ད་ལྟ་བརྟག་དཔྱད་ཞིབ་ཕྲ་བྱེད་བཞིན་ཡོད་པ་རེད།
         ཟླ་2ཚེས་17ཉིན་གྱི་ཆུ་ཚོད་18དང་སྐར་མ་40ཙམ་ལ། ཇོ་ཁང་རྒྱབ་རོལ་གྱི་རྟེན་ཁང་གི་ཐོག་སོ་གཉིས་པར་མེ་ཤོར་མ་ཐག བོད་ལྗོངས་ཀྱིས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་བརྡ་ལན་འཕྲལ་དུ་སྤེལ་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་དེ་མ་ཉིད་དུ་གནས་ཚུལ་ཐོན་ཡུལ་དུ་བཀོད་འདོམས་གནང་བར་ཕེབས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་མེ་གང་མགྱོགས་བསད་ཡོད་པ་རེད།
         ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀུན་གྲགས་ཆོས་དབང་གིས་ངོ་སྤྲོད་གནང་བར་གཞིགས་ན། མེ་བསད་མ་ཐག་མེ་ཟོན་མི་སྣས་མེ་སླར་ཡང་མཆེད་པའི་གནས་ཚུལ་ཐོན་སྲིད་སྙམ་ནས། 2013ལོར་ཉམས་གསོ་བྱས་པའི་རྟེན་ཁང་གི་རྒྱ་ཕིབས་དབོར་བ་མ་ཟད། མེ་གསོད་བྱ་ཐབས་མང་པོ་སྤྱད་དེ། ཇོ་ཁང་ལ་མེ་མི་མཆེད་པ་བྱས་ཡོད་པ་རེད། 
         ལྷ་ས་གྲོང་ཁྱེར་སྤྱི་བདེ་མེ་ཟོན་སྔོན་འགོག་ཉིང་ལག་རུ་ཁག་གི་ལག་རྩལ་ཆེ་མོ་བ་བློ་བཟང་དགེ་ལེགས་ཀྱིས་མེ་ཤོར་ཡུལ་ནི་རྟེན་ཁང་གི་ཐོག་སོ་གཉིས་པའི་གཡས་ངོས་ཡིན་པ་དང་མེ་སྨི་ངོས་གྲུ་50ཡས་མས་ཙམ་མཆེད་འདུག་ཅེས་བརྗོད་ཡོད་པ་རེད། 
         རིག་དངོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིག་དངོས་སྲུང་སྐྱོབ་ཚོགས་ཆུང་བཙུགས་ཏེ། གཙུག་ལག་ཁང་གི་རིག་དངོས་གྱོང་གུན་བྱུང་ཚུལ་ལ་བརྟག་ཞིབ་བྱས་ཤིང་། བོད་ལྗོངས་རིག་དངོས་སྲུང་སྐྱོང་ཅུས་ཀྱི་རིག་དངོས་བཤམས་སྟོན་ཁྲུའི་ཁྲུའུ་ཀྲང་མགོན་པོ་ཚེ་རིང་གིས་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བའི་ཇོ་བོའི་སྐུ་བརྙན་ལ་ཉམས་ཆག་བྱུང་མེད་པ་དང་། ལྷ་ཁང་གི་གྲུབ་ཆ་གཙོ་བོར་མེ་མཆེད་མེད་པ། ཐོ་འགོད་ཟིན་པའི་རིག་དངོས་6510གཅིག་ཀྱང་འཚིགས་མེད། མེ་ཤོར་ཡུལ་ནི་ལོ་རབས་80ཡི་རྗེས་སུ་ཉམས་གསོ་བྱས་པ་ཞིག་ཡིན་པ་དང་དེར་རིག་དངོས་གང་ཡང་བཞག་མེད་པ་རེད། 
         མེ་བསད་རྗེས་སླར་ཡང་མཆེད་པའི་མངོན་མེད་རྐྱེན་ངན་མཐའ་དག་བསལ་ནས། ཟླ་2ཚེས་18ཉིན་གྱི་ཆུ་ཚོད་9དང་སྐར་མ་45ལ་གཙུག་ལག་ཁང་གི་གཟིམ་སྒོ་ཕྱེ་ཡོད་པ་རེད།
         "མེ་ཤོར་རྗེས་ང་ཚོའི་བསམ་པར་ད་དཔེ་བསགས་སོང་སྙམ་ནས་དངངས་སྐྲག་ཆེན་པོ་སྐྱེས་བྱུང"ཞེས་གཙུག་ལག་ཁང་གི་དགེ་འདུན་པ་ཉི་མ་ཚེ་རིང་གིས་གསུངས་ཤིང་། ཁོང་གིས་མེ་བསད་རྗེས། ང་ཚོ་ལམ་སེང་ཇོ་ཁང་དུ་ཇོ་བོའི་སྐུ་བརྙན་དང་རིག་དངོས་གཞན་དག་ལ་སྐྱོན་བྱུང་མིན་ལ་ལྟ་བར་བསྐྱོད་པ་ཡིན། དེར་གང་ལའང་སྐྱོན་བྱུང་མི་འདུག་པས་བློ་བདེ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
         མེ་ཤོར་རྗེས་ལྷ་ས་གྲོང་ཁྱེར་གྱིས་དོན་རྐྱེན་བརྟག་དཔྱད་ཚོགས་ཆུང་བཙུགས་ཤིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་པིན་གྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལག་རྩལ་དང་མྱུལ་ཞིབ་མི་སྣ་སྒྲིག་འཛུགས་བྱས་ནས། ས་ཆ་དངོས་སུ་སྐོར་ཞིབ་དང་བརྟག་དཔྱད་བྱས་པ་དང་། ཉེ་འཁོར་གྱི་མང་ཚོགས་དང་དེ་གའི་འབྲེལ་ཡོད་མི་སྣར་འདྲི་རྩད་བྱས་པས་མིག་སྔར་མིའི་རྐྱེན་གྱིས་མེ་ཤོར་བ་མ་ཡིན་པ་ཤེས་རྟོགས་རགས་ཙམ་ཐུབ་ཡོད་པ་རེད། 
         ཀུན་གྲགས་ཆོས་དབང་གིས་མེ་ཤོར་རྗེས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ཛ་དྲག་གི་བྱ་ཐབས་སྤེལ་བ་སྟེ།  གཅིག་ནས་ཁྱོན་ཡོངས་ལ་ཁྱབ་པའི་ལེབ་བཤེར་རྣམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་བྱས་ནས་རིག་དངོས་སྣ་ཚོགས་བདེ་འཇགས་ལྡན་པའི་འགན་ལེན། གཉིས་ནས་ལྷ་སའི་གནའ་གྲོང་དང་དེ་བཞིན་གཙོ་གནད་དགོན་སྡེའི་སྤྱི་པའི་བདེ་འཇགས་ཀྱི་ཉེན་ཁར་ཕྱོགས་ཡོངས་ནས་བརྟག་དཔྱད་དང་ཚོད་སྐོར་བྱས་ཏེ་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ། གསུམ་ནས་ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་རྩད་གཅོད་ནན་པོ་བྱས་པ་རེད།
         དེབ་ཐེར་དུ་འཁོད་པར་གཞིགས་ན། གཙུག་ལག་ཁང་དུ་བཞུགས་སུ་གསོལ་བའི་ཇོ་བོའི་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་ཀྱི་སྐུ་བརྙན་དེ་ནི་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་འུན་ཤིང་ཀོང་ཇོས་རྫོངས་སྐལ་དུ་བསྣམས་ཕེབས་པ་ཞིག་ཡིན་ཅིང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ཀྱིས་མཆོག་ཏུ་བཀུར་བཞིན་པ་དང་ལོ་ལྟར་ཆོས་མཇལ་དུ་ཕེབས་མཁན་ཧ་ཅང་མང་པོ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།