འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཡིག་ལ་དགའ་པོ་བྱེད་མཁན་ཚོའི་མཉམ་སྤྲོའི་འདུ་ཚོགས་ཤིག 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་དབྱང་དང་ཅིང་གཡོད་ལེ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་13ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་གྱི་གཞུང་བཙུགས་སློབ་གྲྭ་15ཡིས་ལོ་གཅིག་དུས་གཅིག་གི་ཀྲུང་གོའི་ལོ་གསར་གྱི་མཉམ་སྤྲོའི་འདུ་ཚོགས་འཚོགས་ནས་སློབ་འབྲིང་སློབ་མ་བཅུ་གྲངས་ཀྱིས་ཨེ་ལི་སི·ཏིའར་སློབ་འབྲིང་གི་གར་སྟེགས་ཐོག་རྒྱ་ཡིག་བརྣལ་མའི་ཐོག་ནས་དེར་ཡོད་པའི་སློབ་མ་དང་། དགེ་རྒན། ཁྱིམ་བདག་བཅས་ཁྱོན་མི་700ཙམ་ལ“བྱེའུ་ཅོ་ག་མཁའ་དབྱིངས་སུ་འཕུར། ང་ཀྲུང་གོར་དགའ”ཞེས་པའི་སྙན་འཇེབས་ལྡན་པའི་ཀྲུང་གོའི་གཞས་བཏང་བར་ཚང་མའི་དགའ་བསུ་ཐོབ་པ་རེད།
         མཉམ་སྤྲོའི་འདུ་ཚོགས་ཐོག མཇུག་བསྡུའི་ལེ་ཚན་མཉམ་གཞས་《ང་ཀྲུང་གོར་དགའ་》ཞེས་པ་ལྟད་མོ་བ་ཚོས་དགའ་ཤོས་བྱེད་པའི་ལེ་ཚན་ཞིག་ཏུ་གྱུར་པ་མ་ཟད། ད་དུང་དེར་གནས་པའི་རྒྱ་ཡིག་ལ་དགའ་པོ་བྱེད་མཁན་མི་ཉུང་བ་ཞིག་གི་སེམས་གཏིང་གི་མྱོང་བ་ཡང་མཚོན་ཡོད།
         ཨེ་ལི་སི་·ཏིའར་སློབ་འབྲིང་གི་ལོ་རིམ་གཉིས་པའི་སློབ་མ་ལིན་སའེ་·མི་ལེ་ནི་《ང་ཀྲུང་གོར་དགའ་》ཞེས་པའི་འཁྲབ་སྟོན་པའི་གྲས་ཤིག་ཡིན་པ་རེད། ཁོང་གིས་སློབ་གྲྭ་ཁག་ནས་ཡོང་བའི་སློབ་གྲོགས་ཚོར་གཞས་དེ་གཏོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། “འཁྲབ་སྟོན་དེའི་ཆེད་རྒྱ་ཡིག་སློབ་ཚན་འཚོག་རིམ་བཞིན་སྔོན་དུ་ང་ཚོས་གཞས་དེ་ཐེངས་གཅིག་བཏང་གི་ཡོད་པས་གཞས་ཚིག་སྔ་ས་ནས་བློ་ལ་གསལ་པོ་ངེས་ཡོད”ཅེས་བཤད།
        ད་རེས་ཀྱི་མཉམ་སྤྲོའི་འདུ་ཚོགས་དེ་ནི་ཝ་ཧྲིང་ཐོན་གྱི་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོའི་དུས་ཆེན་ལྟ་བུ་ཞིག་ཡིན་ཞིང་། ཨེ་ལི་སི་·ཏིའར་སློབ་འབྲིང་ཕུད། ད་དུང་ཝ་ཧྲིང་ཐོན་གྱི་སློབ་ཆུང་གཞན་4དང་། སློབ་འབྲིང་3 མཐོ་རིམ་སློབ་འབྲིང་7བཅས་ཀྱི་སློབ་མ་དེར་ཡོང་སྟེ་རྒྱ་ཡིག་ཐོག་ནས་ཁོང་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་19འཁྲབ་སྟོན་བྱས་ཡོད་པ་རེད།
         “ང་རྒྱ་ཡིག་སྦྱངས་ནས་ལོ་གཉིས་སོང་། དཀའ་ལས་ཁག་པོ་འདུག ཡིན་ནའང་། ངས་མུ་མཐུད་སློབ་སྦྱོང་བྱས་ཏེ་མཐོ་རིམ་སློབ་འབྲིང་ཐོན་ནས་སློབ་གྲྭ་ཆེན་མོར་འགྲོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཁྲེ་ཏི་མཱ་ཡིས་བཤད།
         འཁྲབ་སྟོན་སྒྲིག་འཛུགས་བྱེད་མཁན་ཨེ་ལི་སེ་·ཏིའར་སློབ་འབྲིང་གི་རྒྱ་ཡིག་དགེ་རྒན་ཀྲི་གཡན་མིང་གིས་དེ་ནི་ཝ་ཧྲིང་ཐོན་གྱི་སློབ་གྲྭ་འབྲིང་ཆུང་ཚང་མ་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་འདུ་ཚོགས་ཚོགས་ཐེངས་གཉིས་པ་ཡིན་པ་དང་། ན་ནིང་སློབ་གྲྭ་ཁག་13དེའི་ནང་ཞུགས་པ་དང་། ད་ལོ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་གྱི་སློབ་གྲྭ་15ཚང་མ་ཞུགས་ཡོད་པའི་དབང་གིས་ཚོགས་ཁང་ནང་མིས་ཁེངས་ཡོད་ཅེས་ངོ་སྤྲོད་བྱས།
         དེར་ལོ་བརྒྱད་སློབ་ཚན་འཁྲིད་མྱོང་བའི་ཀྲི་གཡན་མིང་གིས་ཁོང་དེར་སླེབས་མ་ཐག་པའི་སྐབས་སུ། ཨེ་ལི་སི་·ཏིའར་སློབ་འབྲིང་དུ་རྒྱ་ཡིག་སྦྱོང་མཁན་50ལས་མེད་པ་དང་ད་ཆ་མི་160བར་མང་དུ་ཕྱིན་ཡོད། “ལོ་འདི་དག་ནང་སློབ་མ་དང་ཁྱིམ་བདག་གིས་རྒྱ་ཡིག་ལ་དགའ་པོ་བྱེད་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད”ཅེས་བཤད།
        ཝ་ཧྲིང་ཐོན་གཞུང་བཙུགས་སློབ་གྲྭའི་ཁོངས་གཏོགས་ཀྱི་གཞུང་ཕྱོགས་གྲངས་གཞིར་གཞིགས་ན། 2016ལོའི་སློབ་ལོ་ནས་2017ལོའི་སློབ་ལོ་བར། ཁྱོན་སློབ་མ་2288རྒྱ་ཡིག་སློབ་ཚན་ལ་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད་པ་དེ་སི་ཕེན་སྐད་དང་ཧྥ་རན་སེའི་སྐད་སྦྱོང་མཁན་གྱི་མིང་གྲལ་རྒྱབ་ཏུ་སླེབས་ཡོད། “ཕྲུ་གུ་རྒྱ་ཡིག་སྦྱོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ཁུལ་དེ་གའི་ཤེས་ལྡན་པའི་ཁྱིམ་ཚང་ཡིན་པ་དང་། ཁོང་ཚོར་ཐུན་མོང་གི་ལྟ་སྟངས་ཤིག་ཡོད་པ་ནི་སྐད་ཡིག་དེ་ཤེས་རྗེས་འཛམ་གླིང་ཐོག་བེད་སྤྱོད་ཡོང་ངེས་ཡིན་པ་དེ་རེད”ཞེས་ཀྲི་གཡན་མིང་གིས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།